ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་ཐེངས་ ༢༢ པའི་ཐོག་བཀའ་ཤག་གི་གསུང་བཤད།

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ཉེར་གཉིས་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་དང་འཛམ་གླིང་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་ཚན་རིག་པ་གྲགས་ཅན་ཨལ་ཕཊ་ནོ་སྦེལ་གྱི་མཚན་ཐོག་ནས་”རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་དང༌། གོ་མཚོན་ཉུང་འཕྲིའམ་མཚམས་འཇོག ཞི་བདེ་སྲུང་སྐྱོབ་དང་གོང་འཕེལ་”གཏོང་མཁན་གྱི་དབུ་ཁྲིད་ཚོར་གཟེངས་བསྟོད་ཀྱི་ཚུལ་དུ་འབུལ་བཞིན་པ་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ལ་སྨན་པའི་བླ་ན་མེད་པའི་དགོངས་གཞི་སྤྱི་དང༌། ཁྱད་པར་”བོད་མིའི་རང་དབང་བསྐྱར་གསོའི་འཐབ་རྩོད་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་བའི་”མཛད་རྗེས་བཅས་ལ་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཅིང༌། དེ་ལ་བརྟེན་ནས་འཛམ་གླིང་གང་སར་སྔོན་བྱུང་མྱོང་མེད་པའི་བོད་དོན་དྲིལ་བསྒྲགས་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གྱི་གནས་ཚད་གོང་མཐོར་སྤེལ་ཐུབ་པ་བྱུང་ཡོད། ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག་བོད་མི་ཡོངས་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཐོག་གནས་རྒྱུའི་ཆོད་སེམས་བསྐྱར་ནན་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
འདི་ལོ་ྋགོང་ས་མཆོག་གིས་བོད་མིའི་འཐབ་རྩོད་རྒྱུན་གནས་ཡོང་བ་དང་བོད་མི་རྣམས་རང་རྐྱ་འཕེར་བ་ཡོང་ཆེད་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་མི་ལོ་བཞི་བརྒྱར་ཉེ་བའི་དགའ་ལྡན་ཕོ་བྲང་པའི་གཞུང་གི་སྒྲིག་འཛུགས་ལ་གཞི་རྩའི་བསྒྱུར་བཅོས་ཀྱིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཡོད། ཆོས་དང་སྲིད་ཀྱི་དབང་ཆ་གཉིས་ཐ་དད་དབྱེ་རྒྱུ་རླབས་ཆེའི་དགོངས་གཞི་ལ་བརྟེན་ྋགོང་ས་མཆོག་ནི་མང་ཚོགས་ཀྱི་བདེ་དོན་ཁོ་ནར་དགོངས་པ་བཞེས་མཁན་མི་མང་གི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསལ་རྟོགས་ཐུབ་པ་བྱུང་སྟེ། འཛམ་གླིང་གི་རླབས་ཆེན་དབུ་ཁྲིད་མཐོ་ཤོས་ཀྱི་གྲལ་དུ་དད་མོས་ཆེན་པོས་གུས་བཀུར་ཞུ་བཞིན་ཡོད།
ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ྋརྒྱལ་བའི་ཡང་སྲིད་སྐོར་གྱི་གལ་ཆེའི་བཀའ་ཡིག་སྩལ་བར་བཀའ་ཤག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང༌། ྋརྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ྋགོང་ས་མཆོག་ཁོ་ན་ལས་རྒྱ་ནག་གཞུང་ལ་ཆོས་དང༌། ལོ་རྒྱུས། བཟང་སྤྱོད་སོགས་གང་གི་ཆ་ནས་ཐེ་བྱུས་གང་ཡང་མེད་པས། ྋགོང་ས་མཆོག་གིས་ཐག་གཅོད་དང་ལམ་སྟོན་ཇི་གནང་ལ་བོད་མི་ཡོངས་ནས་མཐའ་གཅིག་ཏུ་བརྩི་བཀུར་དང་ལེན་ཞུ་རྒྱུ་དང༌། འདིའི་ཐད་འདི་ལོ་ཕྱི་ཟླ་ ༩ པའི་ནང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པར་གཏན་འབེབས་བྱུང་བའི་གྲོས་ཆོད་དང༌། ཟུར་རྒྱན་གྲོས་ཆོད་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
ད་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་དྲུག་ཅུ་བརྒལ་ཡང༌། བློ་ཕམ་པ་ཞིག་ལ་བོད་ནང་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་གཙོ་བོ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དང༌། ཁྱད་པར་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་རྗེས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་དབང་གིས་བྱུང་ཡོད། བོད་ས་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཀྱི་དམ་དྲག་དང༌། ཆོས་དད་རང་དབང་བརྡལ་བཤིག ཁོར་ཡུག་ཉམས་ཆག དཔལ་འབྱོར་དང་རིག་གཞུང་དབྱེ་འབྱེད་སོགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྡལ་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་རྣམས་རེ་རེ་བཞིན་སྨོས་མ་དགོས་པར། འདི་ལོ་གཅིག་པོར་མཚོན་ནའང༌། ད་བར་ཤེས་རྟོགས་བྱུང་བར་བོད་མི་བཅུ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང༌། དེའི་ཁོངས་ནས་བདུན་འདས་གྲོངས་སུ་གྱུར་ཡོད།
ཉེ་སྔོན་བཀའ་བློན་ཁྲི་པ་ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་ཕེབས་སྐབས་གནད་ཡོད་མི་སྣ་མང་པོ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་ཞུས་པར། ཁོང་ཚོས་སེམས་ཁུར་ཤུགས་ཆེ་གནང་བ་མ་ཟད། བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང༌། གྲོས་མོལ་གྱི་ལམ་ནས་བོད་དོན་གང་མྱུར་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པའི་རྒྱབ་སྐྱོར་གནང་གི་འདུག ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་ཁི་ལིན་ཌོན་གྱིས་”ཉེ་སྔོན་བོད་ནང་ན་གཞོན་ཚོས་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ་བྱེད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སེམས་འཚབ་ཆེན་པོ་བྱུང་”ཞེས་སོགས་གསུངས་ཡོད། ཡིད་སྐྱོའི་དོན་རྐྱེན་དེ་དག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་འཚབ་ཆེན་པོ་གནང་གི་འདུག ནང་པ་ཞིག་ཡིན་པའི་ཆ་ནས་ྋགོང་ས་མཆོག་གིས་ཚེ་སྲོག་ལ་རྩ་ཆེར་དགོངས་ཀྱི་ཡོད་སྟབས་བོད་མི་ཚོས་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་སྤེལ་རྒྱུར་རྒྱབ་སྐྱོར་གནང་གི་མེད་པ་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་སྐབས་དང༌། དེ་མཚུངས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་པའི་སྐབས་བཀའ་སློབ་ལམ་སྟོན་སྔ་རྗེས་ཕེབས་པ་རྣམས་ནན་བརྗོད་དང་འབྲེལ། བཀའ་བློན་ཁྲི་པས་ཀྱང་འདི་ལོ་ཕྱི་ཟླ་ ༥ པའི་ནང་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཇི་ཞུས་འགྲེལ་བརྗོད་ཞུས་པ་ཡིན། གང་ལགས་ཤེ་ན། ང་ཚོའི་ལས་འགུལ་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པ་ཡིན། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་བསྒྲིལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་ཡོན་ཅན་གྱི་མི་སྣ་གང་མང་སྐྱེད་སྲིང་ཐུབ་ན་ང་ཚོའི་ལས་འགུལ་མུ་མཐུད་སྲ་བརྟན་ཡུན་གནས་ཡོང་ཐུབ།
བཀའ་ཤག་གིས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་ཁོང་ཚོའི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ་ཡིན། ཁྱད་པར་དེ་ཉིན་བཀའ་ཤག་ནས་འབོད་སྐུལ་ཞུས་པ་ལྟར་འཛམ་གླིང་གང་སར་ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང༌། བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མི་རྣམས་དང༌། ཁྱད་པར་རང་ལུས་མེར་བསྲེགས་གཏོང་མཁན་དང་ཁོང་ཚོའི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་མ་ཎིའམ་དེ་འབྲེལ་གཟུངས་སྔགས་ཕྲེང་སྐོར་རེ་འདོན་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༤ རེས་གཟའ་ལྷག་པའི་ཉིན་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་བའི་དུས་སྐབས་དང་བསྟུན་ནས་བོད་དོན་བདེན་མཐའ་གསལ་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན།
འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་དགོས་དམིགས་གཙོ་བོ་གཞུང་དང་མི་མང་ཚང་མས་འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་དང༌། གལ་འགངས་ངོས་འཛིན་ཐུབ་པ་ཡོང་ཆེད་ཡིན་སྟབས། རྒྱ་ནག་གཞུང་ལ་དྲན་སྐུལ་ཞུ་རྒྱུར་གལ་སྲིད་བོད་ནང་བརྟན་ལྷིང་དང་ཞི་འཇམ་དགོས་ན། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང༌། བོད་ནང་ད་ལྟའི་ཆར་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་འཕྲལ་དུ་མཚམས་འཇོག་གིས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས། དེ་བཞིན་དྲང་བདེན་གྱི་ཁྲིམས་གཏུགས་མེད་པར་ཉེས་མིང་སྣ་ཚོགས་འོག་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས།
བོད་མི་ཚོས་ད་བར་འཚེ་བ་མེད་པ་དང་མང་གཙོའི་ལམ་ལུགས་ཐོག་ལོ་མང་རིང་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་པར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཁྱེན་རྟོགས་ངོས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་བྱུང་ན། རྒྱལ་སྤྱིའི་ཐོག་རང་དབང་འཐབ་རྩོད་བྱེད་མཁན་གཞན་ཚོར་ཡང་འཚེ་བ་མེད་པ་དང་མང་གཙོའི་ལམ་ལུགས་ཐོག་ཞུགས་རྒྱུའི་སེམས་འགུལ་ཐེབས་ཏེ། དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་མང་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་ཐུབ་པ་ཡོང་རྒྱུ་ཡིན།
མཐའ་དོན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་ཞིབ་འཇུག་མི་སྣ་གཏོང་གནང་དགོས་པ་དང༌། ཕྱོགས་མཚུངས་རང་དབང་གི་སྒོ་ནས་གསར་འགོད་པ་དང་རྒྱ་རིགས་ཤེས་ཡོན་ཅན་ཚོ་ཡང་འགྲོ་བསྐྱོད་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
འདས་པའི་མི་ལོ་ལྔ་བཅུ་བརྒལ་བའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ྋགོང་ས་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ལ།།