ནེ་རྡར་ལེན་ཌིར་བོད་ཀྱི་གྲོས་ཚོགས་འཐུས་མི་ཕེབས་བཅར་སྐོར།

ཉེ་ཆར་ཕ་རན་སིར་འཚམས་འདྲི་གཟིགས་སྐོར་གྲུབ་རྗེས་བོད་ཀྱི་གྲོས་ཚོགས་འཐུས་མི་རྣམས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་ཧོ་ལེན་ཌིར་ཐོན་གནང་། ཕྱི་ཚེས་ ༨ ནས་ ༡༢ བར་ནེ་རྡར་ལེན་ཌིར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བ་རྣམས་དང་། ཡོ་རོབ་རྒྱལ་སྤྱིའི་བོད་གནས་ཁྱབ་སྤེལ་ཁང་གི་སྦྱིན་བདག་བགྲེས་པ་རྣམས་དང་། གཞན་ཡང་ཧོ་ལེན་ཌི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཚོགས་མི། ཧོ་ལེན་ཌི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་ཚོགས་མི། ཧོ་ལེན་ཌི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་ནེ་རྡར་ལེན་ཌི་བོད་ རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད།

གྲོས་ཚོགས་འཐུས་མི་ཁ་ཤས་ལ་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་འདྲ་མིན་རྣམས་ ཀྱིས་བཅར་འདྲི་ཞུས་པ་དང་། གཟུགས་མཐོང་རླུང་འཕྲིན་དང་གསར་འགྱུར་བརྒྱུད་ལམ་རྣམས་བརྒྱུད་རྒྱང་སྲིང་ཞུས་འདུག་

འཐུས་མི་རྣམས་ཀྱིས་ཕྱི་སྲིད་བློན་ཆེན་ལ་འབྱུང་འགྱུར་ཧོ་ལེན་ཌི་སྲིད་ བློན་རྒྱ་ནག་ཏུ་འཚམས་གཟིགས་སུ་བཅར་སྐབས་བོད་ཀྱི་གནས་ཚུལ་གླེང་སློང་ཡོང་བ་ཞུས།  ཕྱི་སྲིད་བློན་ཆེན་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་ནང་རང་ལུས་མེར་བསྲེགས་བྱེད་ མི་ཇེ་མང་དུ་ཕྱིན་ཏེ་གནས་སྟངས་ཛ་དྲག་ཏུ་འགྲོ་མུས་ལ་ཐུགས་འཚབ་ཡོད་པ་གསུངས་པ་དང་། བོད་ནང་ད་བར་གྱི་གནས་ཚུལ་དེ་བཞིན་གཉིས་མོས་དབུ་མའི་ལམ་བརྒྱུད་སེལ་རྒྱུར་ ཐུགས་འདོད་རྒྱབ་སྐྱོར་ཡོད་པ་གསུངས།

གྲོས་ཚོགས་འཐུས་མི་རྣམས་ལ་རྒྱལ་སྤྱིའི་བོད་གནས་ཁྱབ་སྤེལ་ཁང་གིས་མཐུན་རྐྱེན་སྦྱར་བ་དང་། མཛད་འཆར་ལས་རིམ་རྣམས་སྐབས་ཁེལ་དུ་བོད་ཀྱི་སྐུ་ཚབ་དོན་ཁང་དང་མཉམ་བསྡེབས་ ཀྱིས་བཟོས་གནང་བ་རེད།

ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཧོ་ལེན་ཌིར་འཚམས་གཟིགས་གནང་རྗེས་འཐུས་མི་རྣམས་ཇར་མ་ནིར་ཕེབས་ཐོན་གནང་ཡོད།