ན་ག་ལན་ཌི་མངའ་སྡེའི་ཁོར་ཡུག་བློན་ཆེན་སྐུ་ཚེའི་འཕེན་པར་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་གནང་བ།

༄༅། ། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། རྒྱ་གར་གཞུང་གི་གཞུང་ཞབས་ཟུར་པ། དེ་བཞིན་རྒྱ་གར་བྱང་ཤར་ན་ག་ལན་ཌི་མངའ་སྡེའི་ཁོར་ཡུག་བློན་ཆེན་སྐུ་ཞབས་སི་ཨེམ་ཅཱང་ (CM Chang, Nagaland Environment Minister) མཆོག་དགུང་གྲངས་ ༧༨ ཐོག་མངའ་སྡེའི་རྒྱལ་ས་ཀོ་ཧི་མར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་བཟའ་ཟླ་ལྕམ་སྐུ་ཨ་ལི་མ་ (Mrs. Alema) མཆོག་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་སི་ཨེམ་ཅཱང་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་། ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་གཞུང་གི་གཞུང་ཞབས་དང་། གྲོས་ཚོགས་འོག་མའི་འཐུས་མི། ན་ག་ལན་ཌི་མངའ་སྡེའི་གཞུང་གི་བློན་ཆེན་སོགས་ཀྱི་ལས་གནས་འདྲ་མིན་ཐོག་ཞབས་ཕྱི་ཞུས་ནས་རྒྱ་གར་གྱི་ཆབ་སྲིད་ནང་ནུས་པ་ཆེན་པོ་བཏོན་གནང་ཡོད།

སྐུ་ཞབས་སི་ཨེམ་ཅཱང་དམ་པ་མཆོག་གིས་འཛིན་སྐྱོང་ལས་བྱེད་དང་། གྲོས་ཚོགས་འཐུས་མི། བློན་ཆེན་སོགས་གནང་སྟེ། ན་ག་ལན་ཌི་མངའ་སྡེའི་ནང་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པ་རྣམས་རྟག་ཏུ་དྲན་ངེས་ཡིན། དེས་མ་ཟད། ཁོང་ཉིད་བཞུགས་སྒར་རྡ་སར་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་འཕྲད་ཞུས་གནང་ཡོད། དམ་པ་ཁོང་ནི་ང་ཚོའི་འཐབ་རྩོད་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བ་སོགས་བརྒྱུད་ལམ་འདྲ་མིན་ཐོག་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་ཡོད།

དུས་ཚོད་དཀའ་ཁག་ཅན་འདིར་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་དང་། ང་རང་སྒེར་ངོས་ནས་ཁྱེད་ནང་མི་ལྷན་རྒྱས་དང་། དམ་པ་ཁོང་གི་རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

དམ་པ་ཁོང་གྲོས་ཚོགས་འཐུས་མི་གནང་བའི་རིང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ལ་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད། ཁོང་ནི་ང་ཚོའི་རྩ་དོན་ཐོག་བློ་ཉེ་པོ་དང་། ག་དུས་ཡིན་ནའང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་དུ་ན་ག་ལན་ཌི་ས་གནས་རྡི་མ་པུར་དུ་ཡོད་པའི་བོད་རིགས་སུད་ཚོང་བ་རྣམས་ལ་རྒྱབ་སྐྱོར་མཐུན་འགྱུར་གང་ལེགས་གནང་མཁན་ཞིག་ཡིན། ཁོང་གིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བ་དེ་དག་ལ་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་དང་། ཁོང་གི་རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་ན་ག་ལན་ཌི་མངའ་སྡེར་གྱོང་གུད་ཆེན་པོ་ཕོག་པ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །