དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་ཚོགས་བཅར་བ་སྤྱི་མགྲིན་ནས་བར་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དམ་སད་རྐྱེན་བྱུང་བར་ལྷ་དགོངས་དྭངས་གསལ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང། རྗེས་འཇུག་བོད་འབངས་རྣམས་ཀྱི་བླང་དོར་ཞུ་སྒོའི་ཆེད་དམིགས་བསལ་གྲོས་ཆོད་གཅིག

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་ ༢༠༡༢ ཀྱི་ཚོགས་བཅར་བ་སྤྱི་མགྲིན་ནས་བར་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དམ་སད་རྐྱེན་བྱུང་བར་ལྷ་དགོངས་དྭངས་གསལ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང། རྗེས་འཇུག་བོད་འབངས་རྣམས་ཀྱི་བླང་དོར་ཞུ་སྒོའི་ཆེད་དམིགས་བསལ་གྲོས་ཆོད་གཅིག་འཇོག་རྒྱུ།
སྔོན་གླེང།
འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་བདེ་དོན་སྤྱི་དང་། ཁྱད་པར་དགུང་ལོ་ ༡༦ ནས་བཟུང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཁུར་སྐྱོང་བཞེས་མཛད་དེ་བོད་རྒྱའི་དཀའ་རྙོག་སེལ་སླད་མ་འོངས་སྔོན་གཟིགས་ཀྱི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལམ་སྟོན་དང་། བོད་མི་རྣམས་ལ་ཆོས་དང་རིག་གཞུང། དཔལ་འབྱོར་སོགས་གང་ཅིའི་ཐད་འཕྲལ་ཕུགས་རྒྱང་གསུམ་ལ་བྱམས་བརྩེའི་གཟིགས་སྐྱོང་བླ་མེད་མཛད་པའི་གཞལ་དཀའ་བའི་བཀའ་དྲིན་མཐའ་ཡས་པ་རྣམས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད་པ་སྨོས་ཅི་དགོས།
འོན་ཀྱང་བར་ལམ་བོད་མིའི་སྤྱི་ཚོགས་ནང་བཀའ་དྲིན་བསམ་ཤེས་མེད་པའི་བོད་མི་ཉུང་ཤས་ཤིག་གི་བྱེད་སྤྱོད་ལ་བརྟེན་ནས་ཉེ་སྔོན་ཨི་ཊ་ལི་དང་། ལ་དྭགས་ཁུལ་བཅས་སུ་མགོན་པོ་མཆོག་ཐུགས་ཕམ་བྱུང་སྐོར་བཀའ་ནན་ཕེབས་པར། ད་ལམ་གུས་ཅག་བཙན་བྱོལ་བོད་མིིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདི་ཐོག་གཞུང་མང་ཚོགས་བཅར་བ་ཡོངས་ཀྱིས་སེམས་འཚབ་ཅི་ཆེ་ངང་ལྷ་དགོངས་དྭངས་གསལ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང། རྗེས་འཇུག་བོད་འབངས་ཡོངས་ཀྱི་བླང་དོར་ཞུ་སྒོ་སོགས་ཀྱི་ཆེད་ཚོགས་ཆེན་འདི་ཐོག་ནས་གྲོས་ཆོད་གཅིག་འཇོག་དགོས་གལ་ཆེར་མཐོང།
གྲོས་ཆོད།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དམ་སད་རྐྱེན་བྱུང་བར་རྗེས་འཇུག་བོད་མི་རྣམས་ཀྱི་བླང་དོར་ཞུ་སྒོའི་ཐད་ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཡིག་ཆ་ཨང་ ༡༠༥ དགོངས་དོན་བཞིན་བོད་མི་གནས་ཡུལ་རྒྱ་ཁྱབ་ཏུ་ལག་བསྟར་དོན་འཁེལ་ཐུབ་པ་ཞུ་རྒྱུ།
༢༽ བཀའ་སྤྱི་གཉིས་ཀྱིས་གཙོས་ཚོགས་བཅར་བ་ཡོངས་ནས་བྱེས་འཁོད་བོད་མི་སྤྱི་སྒེར་ཡོངས་ལ་གོ་བསྐོན་དང། ཡིད་གཟབ་ཀྱིས་བླང་དོར་མ་འཛོལ་བ་དགོས་པའི་སྐུལ་མ་བྱ་རྒྱུ་དང། མ་འོངས་པར་གནས་ཚུལ་འདི་རིགས་ནམ་ཐོན་གྱི་སྐབས་འཕྲལ་དུས་ཐོག་སོ་སོར་གསལ་བཤད་བྱ་རྒྱུ་སོགས་གདོང་ལེན་གནང་སྒོ་ཅི་མཆིས་འཛེམས་ཟོན་མེད་པར་བྱ་རྒྱུའི་འགན་འཁུར་འཚེམས་མེད་ཞུ་རྒྱུ།
༣༽ མགོན་པོ་མཆོག་ཉིད་ཉེ་ལམ་ཐུགས་ཕམ་གྱིས་ཐུགས་དམ་སད་རྐྱེན་བྱུང་བར་ད་རེས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་ཡོངས་མགྲིན་གཅིག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགོངས་པ་གསལ་དྭངས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་ལན་བརྒྱར་འདེབས་རྒྱུ་དང། མགོན་པོ་མཆོག་ཉིད་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། གུས་ཅག་ཁ་བ་རི་པའི་སྐྱེ་འགྲོ་རྣམས་མཉེས་བཞིན་རྗེས་སུ་འཛིན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་བཅས། བཙན་བྱོལ་བོད་མིའི་བཅའ་ཁྲིིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པའི་ཚོགས་བཅར་བ་སྤྱི་མགྲིན་ནས། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ལ།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ།