དབུས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་གསར་བསྐོ།

3-Untitled-1དབུས་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་གཞི་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་གནང་བ་ལྟར། ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༥ འཁོད་ཡིག་ཆུང་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གནང་རྒྱུར་དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཐད་བཅའ་ཁྲིམས་དགོངས་དོན་ཉིས་ལྡབ་ལས་མ་ཉུང་བའི་འོས་གཞི་འབུལ་དགོས་ལྟར་འོས་གཞིར། ༡༽ བསྟན་འཛིན་ཆོས་འཕེལ་ལགས་དང། ༢༽ དགེ་ཐོག་ཚང་བསྟན་འཛིན་དོན་ཡོད་ལགས།   ༣༽ དགེ་བཤེས་བསྟན་པ་བཀྲ་ཤིས་ལགས།   ༤༽ བསྟན་པའི་དངོས་གྲུབ་ལགས་བཅས་སོ་སོའི་ལོ་རྒྱུས་དང་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་བཅས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་འབྱོར་བྱུང་བ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ཁ་པའི་དགོངས་དོན་ལྟར། ༢༠༡༥ ཟླ་ ༥ ཚེས་ ༢༩ ཕྱེད་ཡོལ་ཚོུད་ ༢།༡༥ ཐོག་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་བར་འོས་གཞིའི་ཁོངས་ནས་བསྟན་འཛིན་ཆོས་འཕེལ་ལགས་དང། དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་གཉིས་ལ་སྤྱི་མོས་ཀྱིས་མོས་མཐུན་གཏན་འཁེལ་བྱུང་བ།   དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་དང་འབྲེལ་ཁོང་རྣམ་གཉིས་ལ་ཡིག་ཐོག་བརྡ་ལན་གནང་དགོས་སྙན་གསན་ཞུ་བརྒྱུད་ཆེད་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་དུ་ཡིག་ཆུང་ཕུལ་ཡོད་པའི་གནས་ཚུལ་དུ།   སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ལ།།