དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༤ པའི་མཛད་སྒོར་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་པ།

DSC05094

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༨ སྔ་དྲོའི་ཆུ་ཚོད་༩།༠༠ ཐོག་རྡ་ས་མེག་གྷན་དབུས་གཙང་ཚོགས་པའི་ཚོགས་ཁང་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་ཐེགས་ ༡༤ པའི་མཛད་སྒོར་གདན་ཞུས་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་ཕེབས་གནང་ཡོད། ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་ནས་མར་མེ་ཞལ་འབྱེད་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་གནང་། དེ་ནས་ཚོགས་བཅར་བ་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་། དེ་རྗེས་མཛད་རིམ་ནང་གསལ་ལྟར་གསུང་བཤད་ཁག་གནང་གྲུབ་རྗེས་སྐུ་མགྲོན་གྱི་གཙོ་བོ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གསུང་བཤད་གནང་དོན་དུ་ཐོག་མར་དབུས་གཙང་དམ་པ་ཆོས་ཁའི་ཚོགས་ཆེན་ ༡༤ པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པའི་ཕྱག་འབྲེལ་སྤྱི་འཐུས་རྣམ་པ་དང་། དབུས་གཙང་དམ་པའི་ཆོས་ཀྱི་ཆོལ་ཁའི་ཚོགས་གཙོ་དབུས་པའི་ཚོགས་མི་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤེས་བདེ་ལེགས་དང་། ཁ་སང་མགྲོན་ཤོག་ཕུལ་འབྱོར་ལྟར་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་དང་འབྲེལ་ད་རིང་གཞུང་འབྲེལ་ཐོག་སྐུ་མགྲོན་གཙོ་བོར་བཅར་བ་ཡིན། སྤྱིར་རྡ་སའི་ཁུལ་དུ་ཕྱིའི་རྒྱལ་ཁབ་འདྲ་མིན་ནས་མི་སྣ་གལ་ཆེ་མང་པོ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དུ་ཕེབས་གནང་གི་ཡོད་པ་མ་ཟད། ཁ་སང་སུད་སི་རྒྱལ་ཁབ་ནས་ཡིན་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཕེབས་ནས་འཚམས་འདྲི་ཞུས་ཏེ། ད་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཡང་ཕེབས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ངས་ད་རིང་འདིར་ཐུགས་རེ་གནང་བ་ལྟར་ཐུགས་ཕན་གསོ་བའི་གཏམ་བཤད་ཞུ་ཡག་གྲ་སྒྲིག་བྱེད་རྒྱུ་བྱུང་མ་སོང་།

DSC05095

གོང་དུ་དབུས་གཙང་ཆོལ་ཁའི་ཚོགས་པའི་ཚོགས་གཙོས་སྔ་ཕྱི་བར་གསུམ་གྱི་ཕྱག་ལས་གནང་བའི་ལོ་རྒྱུས་དང་། ལས་བསྡོམས། རྩིས་ཁྲ་བཅས་སྙན་སྒྲོན་ཞུས་གནང་བ་དེར་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱིར་ཚོགས་པ་དང་སྒྲིག་འཛུགས་ཁག་ནི་རང་དབང་ཡོད་པའི་རྒྱལ་ཁབ་གཞན་གྱི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་ངོ་བོ་དང་མི་འདྲ་བར་དམིགས་བསལ་གྱི་འགན་ཆེ་བ་ཡོད་པ་ནི་གོང་དུ་ཚོགས་གཙོའི་གཏམ་བཤད་ནང་ལ་ཡང་འཁོད་འདུག དུས་རྒྱུན་ང་རང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དམིགས་བསལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་མཁན་སྐུ་མགྲོན་རྣམ་པ་ཚང་མར་སོ་སོའི་ངོས་ནས་བོད་པའི་སྤྱི་ཚོགས་ནང་ལ་ལོ་ངོ་གསུམ་བཅུ་ལྷག་ཙམ་རིང་ལས་ཀ་བྱས་པའི་མྱོང་ཚོར་ཐོག་ནས་གནད་དོན་གསུམ་ཐོག་གོང་དུ་ད་ལྟ་ཚོགས་པའི་ཚོགས་གཙོས་ཀྱང་གསུངས་ཟིན་པ་ནི་བོད་པའི་ལོ་རྒྱུས་དང་འབྲེལ་བའི་འདས་པའི་མི་རབས་རྒན་པ་ཚོས་བོད་བསྟན་སྲིད་དང་འབྲེལ་བའི་ཐོག་སྐུ་ངལ་གང་འདྲ་བསྐྱོན་པ་དང་། ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འོག་ང་ཚོས་གང་བྱེད་བཞིན་ཡོད་པ། མ་འོངས་པར་བོད་པའི་རྩ་དོན་ལ་ཕན་པའི་ལས་འགུལ་གང་སྤེལ་དགོས་པ་སོགས་ཡིན། རྣམ་པ་ཚོ་ད་རིང་ནས་ཉིན་བཞི་རིང་ཚོགས་འདུ་ཚོགས་ཀྱི་ཡོད་པས། རྗེས་སུ་ཚོགས་འདུ་གྲོལ་ནས་ས་གནས་ཁག་ལ་ཕེབས་དུས་ཁྱབ་ཁོངས་མི་མང་ལ་དབུས་གཙང་ཆོལ་ཁའི་ངོས་ནས་སྔ་ཕྱི་བར་གསུམ་དུ་ཕྱག་ལས་གང་གནང་བ་གོ་རྟོགས་སྤེལ་གལ་ཆེན་པོ་རེད། དེ་ཡང་ད་རིང་གི་ཚོགས་ཆེན་ནང་དོན་ཚན་བཅུ་ཡི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པས་ཚང་མས་གོ་བསྡུར་ལྷུག་པོ་གནང་གལ་ཆེན་པོ་ཡིན། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་གཙོ་བོ་དབུ་ལ་བཞུགས་པའི་ལས་ཀྱི་སྣེ་མོ་བ་ཚོས་གཟབ་གཟབ་གནང་ནས་ལས་དོན་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ང་ཚོས་མ་འོངས་པར་བོད་བསྟན་སྲིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་སོགས་གསུང་གནང་ཡོད་པའི་གནས་ཚུལ་དུ།།