དཔྱ་དངུལ་ལག་དེབ་ཞིབ་འཇུག་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ ༩ པའི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༡ དགོངས་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་གནང་ཕྱོགས་དང་འབྲེལ་བའི་དཀའ་རྙོག་མང་དག་ཅིག་འཕྲད་བཞིན་པའི་གནས་ཚུལ་ངོ་མ་ཇི་ཡིན་དང༌། ཐབས་ལམ་ཇི་ཡོད་བཅས་ཀྱི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ངག་དབང་ལྷ་མོ་དང༌། སྤྱི་འཐུས་ཟླ་བ་ཚེ་རིང༌། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་བཅས་ཕྱི་ལོ་ ༢༠༡༠ ཟླ་༤ ཚེས་ ༦ ཉིན་བསྐོ་གཞག་གནང་ཡང༌། ཚོགས་མིའི་ཁོངས་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་དགོངས་པ་ཞུས་སྟབས། དེའི་ཚབ་ཏུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བསྐོ་གཞག་གནང་སྟེ། ཚོགས་ཆུང་གི་ལས་དོན་གང་མྱུར་འགོ་འཛུགས་ཀྱིས་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་གྲོས་ཚོགས་ཚོགས་དུས་བཅུ་པར་འགོད་འབུལ་ཟིན་པ་དགོས་རྒྱུའི་བཀོད་ཁྱབ་ཕེབས་པར། ཚོགས་ཆུང་གི་ཚོགས་མི་གསུམ་འཕྲལ་ལ་ལྷན་འཛོམས་ཀྱིས་སྤྱི་འཐུས་ངག་དབང་ལྷ་མོ་ཚོགས་གཙོ་དང༌། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དྲུང་ཆེ། སྤྱི་འཐུས་ཟླ་བ་ཚེ་རིང་ཚོགས་མི་བཅས་སྤྱི་མོས་བྱུང་སྟེ་ལས་དོན་འགོ་འཛུགས་ཞུས་ཀྱང༌། ཚོགས་ཆུང་གི་ཚོགས་མི་གསུམ་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཙམ་ལ་གཞི་ནས་བསྐོ་གཞག་བྱུང་བ་དང༌། ཕྱིས་སུ་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུའི་སྐབས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་ཕྱོགས་དང་འབྲེལ་དཔྱ་དངུལ་ལག་དེབ་འབུལ་ཕྱོགས་ཀྱི་དཀའ་ངལ་སེལ་ཕྱོགས་ཚོགས་ཆུང་ལ་བཀལ་ཡོད་པ་སོགས་ལ་བརྟེན། ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་བར་དུ་ཕར་འགྱངས་དང༌། ལས་དོན་འདི་དང་འབྲེལ་ཡོད་སྤྱི་འཐུས་རྒྱུན་ལས་རྒྱུན་འབྲེལ་སྡེ་ཚན་གྱི་ཕྱག་གྲོགས་སྤྱི་འཐུས་གཉིས་ཚོགས་ཆུང་འདིར་བསྐོ་གཞག་ཡོང་བའི་གྲོས་འཆར་ལ་བཀའ་འཁྲོལ་ཐོབ་པ་ལྟར། ཚོགས་ཆུང་གི་ཚོགས་གཙོ་དང་དྲུང་ཆེ་རང་འཇགས་ཐོག་གཟའ་ཟླ་བ་དང་ཕུར་བུར་འཆར་ཅན་འཛོམས་རྒྱུའི་ཐག་གཅོད་ཟིན་ཀྱང༌། ཚོགས་ཆུང་གི་ཚོགས་མི་རྣམས་སྤྱི་འཐུས་རྒྱུན་ལས་ཀྱི་ལས་བྲེལ་དང༌། ཚོགས་ཆུང་གཞན་ཁག་ཏུ་ལས་བགོས་ཡོད་པ་སོགས་ལ་བརྟེན། མཉམ་འཛོམས་ཀྱི་དུས་ཁོམ་དེ་ཙམ་མ་བྱུང་རུང༌། དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཐད་འཛིན་སྐྱོང་བཀའ་ཤག་དང༌། འབྲེལ་ཡོད་དཔལ་ལས་ཀྱི་བཀོད་ཁྱབ་དང་ལམ་སྟོན་ཁག དེ་མཚུངས་ས་གནས་རང་བདེན་ཚོགས་ཆུང་དང༌། ཕྱི་རྒྱལ་དུ་བོད་རིགས་སྤྱི་མཐུན་ཚོགས་པའམ་བོད་རིགས་ཚོགས་པ། མི་སྒེར་སོགས་ནས་འདི་ག་ཚོགས་ཆུང་ལ་ཕུལ་བའི་དཀའ་ངལ་རིགས་སོགས་ལ་ཞིབ་འཇུག་ཞུས་ཏེ་མཐའ་བསྡོམས་སྙན་ཐོ་ཕུལ་བ་གཤམ་གསལ།

དང་པོ། འབྲེལ་ཡོད་བཀའ་ཤག་དང་དཔལ་འབྱོར་ལས་ཁུངས་ནས་བཀོད་ཁྱབ་ཇི་གནང༌།
༡༽    ཕྱི་ལོ་ ༢༠༠༣ ལོར་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་བཟོ་སྤྲོད་ཞུ་རྒྱུའི་ལས་དོན་འགོ་འཛུགས་སྐབས་བོད་མི་དང་གཉེན་སྒྲིག་བྱས་པའི་ཡུལ་མི་དང་དེ་ཚོའི་བུ་ཕྲུག་ཚོར་དཔྱ་དེབ་ཞུ་སྤྲོད་ཆོག་མིན་སྐོར། དཔལ་ལས་ནས་བཀའ་ཤག་དང༌། དེ་རྗེས་སྤྱི་འཐུས་རྒྱུན་འབྲེལ་སྡེ་ཚན་དང་བཀའ་བསྡུར་གྱིས་ཕ་མ་ཡ་གཅིག་བོད་མི་ཡིན་པའི་ཕྲུ་གུ་རང་ལོ་ ༦ ནས་ ༡༨ བར་དཔྱ་དེབ་སྤྲོད་རྒྱུ་དང༌། དེ་རྗེས་ཕྲུ་གུ་སོ་སོས་ལག་དེབ་ལེན་དང་མི་ལེན་ཐག་གཅོད་བྱེད་ཆོག་པའི་མཇུག་སྐྱོང་ཡིག་ཆ་དཔལ་ལས་ནས་ ༢༠༠༥།༨།༡༧ ཉིན་ས་གནས་ཁག་ལ་བཏང་འདུག ཟུར་འཛར་དང་པོ།
༢༽    ཕྱི་ལོ་ ༢༠༠༥།༡༠།༢ ཉིན་བལ་ཡུལ་དོན་གཅོད་ཁང་ནས་བལ་ཡུལ་ཁུལ་བོད་མི་ཁག་ཅིག་གིས་དཔྱ་དེབ་གསར་རྙིང་བར་མིང་གི་དག་ཆ་དང་སྐྱེས་ལོ་སྐྱེས་ཚེས་མི་མཐུན་པས་ནོར་བཅོས་གནང་ཕྱོགས་ཞུས་འདུག་ཅིང༌། དཔལ་ལས་ནས་དེའི་སྐོར་བཀའ་ཤག་ལྷན་རྒྱས་སུ་སྙན་སྒྲོན་ཞུས་པར་ ༢༠༠༥།༡༠།༢༡ ཉིན་ལམ་སྟོན་ཕེབས་དོན་ལྟར་ནོར་བཅོས་དང་འབྲེལ་བའི་ལམ་སྟོན་ཐོག་མ་དེ་བཏང་འདུག འོན་ཀྱང་དེ་དུས་ནོར་བཅོས་ཆེད་དན་རྟགས་ཡིག་ཆ་གང་ཡང་དགོས་པ་གསལ་མེད། ཟུར་འཛར་གཉིས་པ།
༣༽    ཕྱི་ལོ་ ༢༠༠༥།༡༠།༡༢ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་འབྲེལ་སྡེ་ཚན་ནས་དཔྱ་དེབ་གསར་བཟོའི་སྐབས་བོད་མི་དངོས་བདེན་ཡིན་མིན་ཞིབ་འཇུག་ཚད་ལྡན་ཞུ་དགོས་པའི་བཀའ་ཁྱབ་ནན་པོ་གནང་དགོས་ཕེབས་དོན་ལྟར། དཔལ་ལས་ནས་ས་གནས་སུ་དཔྱ་དེབ་ཞུ་སྙན་པ་བོད་མི་དངོས་འབྲེལ་ཡིན་མིན་ཞིབ་འཇུག་ཞུ་དཀའ་བའི་གནས་སྟངས་སེལ་ཐབས་སུ་ ༢༠༠༦།༧།༣ ཉིན་བོད་མི་ཡིན་མིན་དོགས་གཞི་བྱུང་རིགས་ལ་བོད་མི་ཡིན་པའི་ར་འཕྲོད་འགེངས་ཤོག་གཏན་འབེབས་ཀྱིས་ས་གནས་སོ་སོར་བཏང་འདུག ཟུར་འཛར་གསུམ་པ།
༤༽    དཔྱ་དེབ་གསར་པའི་ནང་འཁོད་པའི་དོ་བདག་སོ་སོ་དང༌། ཕ་མའི་མིང༌། སྐྱེས་ལོ་སྐྱེས་ཚེས་དང་སྐྱབས་བཅོལ་ལག་འཁྱེར། སྐྱེས་ཚེས་ལག་འཁྱེར། སློབ་གྲྭའི་ལག་འཁྱེར་ནང་གསལ་བའི་མིང་དང་ཚེས་ཆ་སོགས་ཕན་ཚུན་མཐུན་མིན་དཀའ་ངལ་སྐོར་ས་གནས་ནས་སྙན་སེང་རིམ་འབྱོར་ལ་བརྟེན། དཀའ་སེལ་སླད་སྐབས་དེའི་དཔལ་འབྱོར་བཀའ་བློན་བློ་བཟང་སྙན་གྲགས་ལགས་དབུ་བཞུགས་ཐོག་སྤྱི་འཐུས་རྒྱུན་འབྲེལ་སྡེ་ཚན་གྱི་འཐུས་མི་བཅས་ལྷན་འཛོམས་བསྐྱངས་པའི་གྲོས་ཆོད་གཞིར་བཟུང༌། ནོར་བཅོས་ལམ་སྟོན་གཉིས་པ་ཞིག་ཕྱི་ལོ་ ༢༠༠༦།༥།༣༠ ཉིན་བཏང་འདུག་ལ། ལམ་སྟོན་འདིའི་ནང་ནོར་བཅོས་ཆེད་ཁྲིམས་མཐུན་འཕེར་ངེས་དན་རྟགས་ཡིག་ཆ་གཅིག་ངེས་པར་དགོས་པ་གསལ་འདུག ཟུར་འཛར་བཞི་པ།
༥༽    དེ་རྗེས་བལ་ཡུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སོ་སོའི་དངོས་ཡོད་གནས་སྟངས་དང་མ་མཚམས་པར་སྐབས་འཕྲལ་དགོས་མཁོར་གཞིགས་པའི་མིང་དང་སྐྱེས་ཚེས། སྐྱེས་ཡུལ། ཕ་མའི་མིང༌། བཟའ་ཟླའི་མིང༌། ཕྲུ་གུའི་མིང་སོགས་ནོར་བཅོས་ཞུ་མཁན་ཇེ་མང་དུ་སོང་བ་དང༌། ལག་དེབ་ནང་གསལ་གྱི་ལོ་རྒྱུས་ཆ་ཚང་ལ་ནོར་བཅོས་ཞུ་དགོས་སོགས་ཚད་འཛིན་ཐུབ་དཀའ་བའི་གནས་སྟངས་ཆགས་པར་སོང༌། དཔལ་ལས་ནས་ ༢༠༠༦།༡༠།༢༧ ཉིན་བཀའ་ཤག་ཏུ་དོན་ཚན་བདུན་གྱི་ལམ་སྟོན་ཞུས་འདུག་ལ། བཀའ་ཤག་གི་ ༢༠༠༧།༧།༥ ཉིན་དོན་ཚན་སོ་སོར་ལམ་སྟོན་གནང་འདུག ཟུར་འཛར་ལྔ་པ།
༦༽    ཡང་ནོར་བཅོས་ཆེད་རྒྱབ་ལྗོངས་ཡིག་ཆ་སྣ་ཚོགས་འབྱོར་མུས་དཔེར་ན། རྒྱ་ནག་གཞུང་ནས་སྤྲད་པའི་ཐེམ་ཐོ་དང་ངོ་སྤྲོད་ལག་འཁྱེར། སྐྱེས་ཚེས་ལག་འཁྱེར། དེ་བཞིན་རྒྱ་གར་ཁྲིམས་ཁང་ནས་བཟོས་པའི་ཁྲིམས་ཤོག་འབའ་ཡིག Affidavitབོད་དུ་སྐྱེས་པ་ཞིག་ལ་རྒྱ་གར་གྲོང་སྡེ་ལས་ཁུངས་ནས་ཞུས་པའི་སྐྱེས་ཚེས་ཡིག་ཆ་སོགས་གང་བྱུང་ཁྲིམས་མཐུན་ཆ་འཛིན་དཀའ་བའི་གནས་སྟངས་ཆགས་པར་སོང༌། བཀའ་ཤག་ནས་ཕྱི་ལོ་ ༢༠༠༨།༦།༦ འཁོད་བཀོད་ཁྱབ་དཔལ་ལས་ནས་ས་གནས་ཁག་ཏུ ༢༠༠༨།༦།༢༤ ཉིན་མཇུག་སྐྱོང་གསལ་བསྒྲགས་བཏང་འདུག ཟུར་འཛར་དྲུག་པ།
༧༽    བཀའ་ཤག་ནས་ཕྱི་ལོ་ ༢༠༠༨།༦།༦ འཁོད་བཀོད་ཁྱབ་ལམ་སྟོན་ནང་སྐྱེས་ལོ་སྐྱེས་ཚེས་ལས་གཞན་གནད་དོན་ཐོག་ནོར་བཅོས་མི་ཆོག་ཅེས་ཕེབས་པའི་ཐད། མང་ཚོགས་མི་ཉུང་བ་ཞིག་གིས་དཔྱ་དེབ་ནང་མིང་དང༌། ཕ་མའི་མིང་སོགས་དངོས་འབྲེལ་བྲིས་ནོར་ལ་ནོར་བཅོས་དགོངས་བཞེས་ཡོང་བའི་ཞུ་སྙན་རིམ་འབྱོར་ཡོང་བར་བརྟེན། བཀའ་ཤག་ནས་ ༢༠༠༨།༡༡།༥ ཉིན་བསྐྱར་དུ་དོན་ཚན་ ༡༡ ཅན་གྱི་ལམ་སྟོན་དང་སྦྲགས། དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཀྱི་འགེངས་ཤོག་ཀྱང་བཟོས་འདུག ཟུར་འཛར་བདུན་པ།
༨༽    བལ་ཡུལ་ཁུལ་བོད་མི་གང་ཙམ་ཞིག་ལ་གནས་ཡུལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལག་འཁྱེར་དང༌། སྐྱེས་ཚེས་ལག་འཁྱེར། གཏན་སྡོད་ལག་འཁྱེར་བཅས་རག་ཐབས་མེད་པ་དང༌། ཡང་བོད་ནས་བལ་ཡུལ་མཐའ་མཚམས་ཁག་ཏུ་སྣེ་ལེན་ཁང་མ་བརྒྱུད་པར་ཐད་འབྱོར་རིགས་ལ་སྣེ་ལེན་ངོས་སྦྱོར་མེད་པའི་དཀའ་སེལ་ཆེད་དཔལ་ལྡན་བཀའ་ཤག་ནས་ ༢༠༠༨།༡༡།༢༧ འཁོད་ལམ་སྟོན་ཡིག་ཆ་ཕེབས་འདུག ཟུར་འཛར་བརྒྱད་པ།
༩༽    བོད་མི་ཁག་ཅིག་ལ་དེ་སྔ་ས་གནས་རང་བདེན་ཚོགས་ཆུང་ཁག་ནས་གནང་བའི་དཔྱ་དངུལ་ལག་དེབ་རྙིང་པ་ཡོད་མུས་ཀྱང་བོད་མི་ཡིན་པའི་དན་རྟགས་འདི་ཡིན་མེད་པས་དཔྱ་དངུལ་ལག་དེབ་གསར་པ་མ་ཐོབ་པ་རྣམས་དང༌། ཡང་ཁག་ཅིག་རྒྱལ་ཁབ་གཞན་དུ་གནས་སྤོས་ཟིན་པ་དཔྱ་དེབ་ནང་རྒྱལ་ཁབ་དེའི་ཁ་བྱང་བཀོད་དགོས་པ། དེ་བཞིན་བོད་མི་རྒས་གྲས་ཁག་ཅིག་གི་དཔྱ་དེབ་ནང་ནོར་བཅོས་ཆེད་དན་རྟགས་ཡིག་ཆ་སྐྱབས་བཅོལ་ལག་འཁྱེར་ལས་མེད་པས་དཀའ་ངལ་འཕྲད་ལུགས་སྐོར་ས་གནས་ཁག་ནས་སྙན་སེང་ཞུས་དོན་ལྟར། དཔལ་ལྡན་བཀའ་ཤག་ནས་ ༢༠༠༩།༡༠།༩ འཁོད་དོན་ཚན་ ༦ ཅན་གྱི་ཟུར་རྒྱན་ལམ་སྟོན་ཕེབས་འདུག ཟུར་འཛར་དགུ་པ།
འདི་ག་ཚོགས་ཆུང་ནས་གོང་གསལ་ལམ་སྟོན་ཁག་ལ་ཞིབ་འཇུག་རྒྱས་པར་བྱས་ཏེ་མཐར་དཔལ་འབྱོར་ལས་ཁུངས་ལ་དོགས་ཆོད་མ་བྱུང་བའི་དོན་ཚན་ཁག ༡༤ ཅན་ཕུལ་པའི་ལན་འདེབས་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཕུལ་ཡོད།

གཉིས་པ། ས་གནས་ཁག་གི་སྒྲིག་འཛུགས་དང་སྒེར་པ་སོགས་ནས་དཀའ་ངལ་ཞུས་རིགས།
འདི་ག་ཚོགས་ཆུང་ནས་ས་གནས་འགོ་འཛིན་ལས་ཁུངས་ཁག་དང༌། རང་བདེན་ཚོགས་ཆུང་ཁག ཕྱི་རྒྱལ་དོན་གཅོད་ལས་ཁུངས་ཁག ཕྱི་རྒྱལ་བོད་རིགས་མཐུན་ཚོགས་ཁག་བཅས་ལ་ཚོགས་ཆུང་གི་ཞིབ་འཇུག་ཆ་ཚང་ལ་མཐིལ་ཕྱིན་པ་ཡོང་ཆེད། འབྲེལ་ཡོད་ཚང་མས་ས་གནས་ས་ཐོག་ཏུ་དཀའ་ངལ་ཇི་འཕྲད་དང༌།  མི་འབོར་གྱི་གྲངས་ཀ། དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་ཇི་ཡོད་བཅས་ཞིབ་ཕྲའི་གནས་ཚུལ་འདི་ག་ཚོགས་ཆུང་ལ་གནང་སྐྱོང་ཡོང་བའི་ཡིག་ཆུང་ཕུལ་པ་མ་ཟད། ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འཚོགས་སྐབས། ཕྱི་རྒྱལ་ཚོགས་འཐུས་ཡོད་པའི་ཚོགས་ཆུང་དུ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ཆེད་དུ་གདན་འདྲེན་ཞུས་ཏེ་འབྲེལ་ཡོད་ཚོགས་འཐུས་ ༡༧ གྱི་དཀའ་ངལ་སྙན་སེང་ཞུས་པར་ལན་འདེབས་གསལ་བཤད་ཀྱི་གོ་སྐབས་བསྐྲུན་པ་དང༌། དེ་རྗེས་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ཚོགས་ཆུང་གི་ཚོགས་མི་དང༌། འབྲེལ་ཡོད་ཨ་རི་དང་ཡུ་རོབ་སྤྱི་འཐུས། འབྲེལ་ཡོད་རང་བདེན་ཚོགས་ཆུང་དང་ཕྱི་རྒྱལ་བོད་རིགས་མཐུན་ཚོགས་ཁག་གི་ཚོགས་འཐུས་མཉམ་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། གང་ཅིའི་དཀའ་ངལ་ཇི་འཕྲད་སྐོར་བགྲོ་གླེང་གང་ཙམ་བྱུང་བའི་ཚིག་ཐོ་སོགས་ཕྱོགས་སུ་བསྡུས་ཏེ། འབྲེལ་ཡོད་རྒྱ་བལ་འབྲུག་གསུམ་ནས་དཀའ་ངལ་ཞུས་རིགས་དོན་ཚན་ ༤༡ ཙམ་དང༌། ཕྱི་རྒྱལ་ཁག་ནས་དོན་ཚན་ཁག ༡༦ ཙམ་ཞུས་ཁོངས་མང་ཆེ་བ་གོང་གསལ་བཀའ་ཤག་དང༌། དཔལ་འབྱོར་ལས་ཁུངས་ཀྱི་བཀོད་ཁྱབ་དང་ལམ་སྟོན་ཁག་ནང་སེལ་ཐབས་གང་འཚམས་གསལ་ཡོད་ཀྱང༌། ད་དུང་གནད་དོན་ཁ་ཤས་ཐོག་དགོངས་པ་བཞེས་དགོས་པ་གཤམ་འོག་དཀའ་སེལ་ཐབས་ལམ་དུ་འགོད་རྒྱུ་ཡིན།

གསུམ་པ། དཀའ་སེལ་ཐབས་ལམ།
གོང་གསལ་འཛིན་སྐྱོང་བཀའ་ཤག་དང༌། དཔལ་འབྱོར་ལས་ཁུངས་ཀྱི་བཀོད་ཁྱབ་དང་ལམ་སྟོན། འབྲེལ་ཡོད་ས་གནས་ཁག་ནས་དཀའ་ངལ་ཞུ་སྙན་སོགས་ལ་གཞིགས་ན།
༡༽ ད་ལྟ་བཙན་བྱོལ་གྱི་གནས་བབ་འོག་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གསར་བཟོ་བདེ་མིན་ལ་བརྟེན། བོད་མི་དང་གཉེན་སྒྲིག་བྱས་པའི་ཡུལ་མིར་དང་བླངས་དཔྱ་དངུལ་ལག་དེབ་བསྩལ་ཐབས་གནང་གལ།
༢༽ ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་པ་རྣམས་དེ་སྔོན་རྒྱ་གར་དུ་དཔྱ་དངུལ་ཆད་མེད་ཕུལ་ཡོད་ཀྱང༌། ཕྱི་རྒྱལ་དུ་སྐྱབས་བཅོལ་ཐོབ་ཆེད་ལོ་རྒྱུས་གསར་བཟོ་སོགས་འབྲེལ་ཡོད་རྒྱལ་ཁབ་ཏུ་གནས་སྡོད་ཁྲིམས་མཐུན་ལག་འཁྱེར་དང༌། དང་བླང་དཔྱ་དངུལ་ལག་དེབ་གཉིས་མི་མཚུངས་པ་ཆགས་ཏེ་ཕུལ་བདེ་མེད་པའི་གནས་ཚུལ་ཕོན་ཆེ་ལྷག་གི་ཡོད་ན། དེ་དག་ལ་འབྲེལ་ཡོད་གནས་སྡོད་རྒྱལ་ཁབ་ཀྱི་ལག་འཁྱེར་གཞིར་བཟུང་དཔྱ་དེབ་བསྩལ་གནང་ཆོག་པའི་གོ་སྐབས་ཐེངས་གཅིག་གནང་གལ།
༣༽ རང་རེའི་སྤྱི་ཚོགས་ཁྲོད་བཟའ་གསུམ་གྱི་གནས་ཚུལ་མང་དག་ཡོད་ཅིང༌། དེ་བཞིན་བཟའ་ཟླ་ཁ་གྱེས་པ་གང་ཞིག་ཁྱིམ་ཐབ་གསར་པ་འཛིན་པ། དེ་མཚུངས་སྐྱ་ས་བབ་པའི་རིགས་ཁྱིམ་གཞི་འཛིན་པ་རྣམས་འབྲེལ་ཡོད་ས་གནས་འགོ་འཛིན་དང༌། རང་བདེན་ཚོགས་ཆུང༌། སྤྱི་མི་བརྒྱ་དཔོན་སོགས་ནས་དངོས་འབྲེལ་ཡིན་པའི་ངོས་སྦྱོར་ཡོད་ཚེ། དཔལ་འབྱོར་ལས་ཁུངས་ནས་གསར་འཇུག་སམ། ནོར་བཅོས་ངེས་པར་གནང་དགོས།
༤༽    བོད་ནས་ཕེབས་པ་གང་ཞིག་བལ་ཡུལ་རྒྱ་གར་གཞུང་ཚབ་ནས་སྤྲད་པའི་དམིགས་བསལ་འཛུལ་ཞུགས་དེབ་དཀར་པོའི་ནང་ཕ་མའི་མཚན་གསལ་ཡོད་ཀྱང༌། ཕ་མའི་དཔྱ་དེབ་ཏུ་ཕྲུ་གུའི་ལོ་རྒྱུས་གསལ་མེད་པའི་རྒྱུ་མཚན་ལས་ལག་དེབ་དཀའ་ངལ་འཕྲད་བཞིན་ཡོད་ན། དེབ་དཀར་པོ་གཞིར་བཟུང་ལག་དེབ་བཟོ་ཐུབ་པའི་ལམ་ཀ་གཏོད་དགོས།
༥༽ རྩ་བའི་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་སྐོར་འཛིན་སྐྱོང་བཀའ་ཤག་དང༌། འབྲེལ་ཡོད་དཔལ་འབྱོར་ལས་ཁུངས་ནས་སྐབས་མཚམས་བཀོད་ཁྱབ་དང་ལམ་སྟོན་རིམ་པ་གང་ལེགས་བསྔགས་བརྗོད་འོས་པ་བྱུང་འདུག་རུང༌། ལམ་སྟོན་སྔ་རྗེས་ཁག་དགུ་ཙམ་ཕེབས་པ་གང་ནུས་མེད་དུ་ཕྱིན་ཟིན་པ་དང༌། གང་ནུས་ལྡན་ཡིན་པ་འབྲེལ་ཡོད་ས་གནས་ཁག་གི་ལས་ཀྱི་སྣེ་མོ་བ་དང༌། མང་ཚོགས་མང་པོ་ཞིག་མགོ་རྨོངས་ནས་ལྷག་ཡོད་པའི་སྣང་ཚུལ་ཡོད་སྟབས། འཛིན་སྐྱོང་ནས་ད་ཡོད་ནུས་ལྡན་ལམ་སྟོན་ཁག་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་དོན་གནད་ཆ་ཚང་བའི་ལམ་སྟོན་ཞིག་ཕེབས་དགོས་པ་ཤིན་ཏུ་གལ་ཆེ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱེད་ཕྱོགས་ཞིབ་འཇུག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༢ ལ་ཕུལ།། །།

སྤྱི་འཐུས་ངག་དབང་ལྷ་མོ།                                  ཚོགས་གཙོ།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན།             དྲུང་ཆེ།
སྤྱི་འཐུས་ཟླ་བ་ཚེ་རིང༌།                                      ཚོགས་མི།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།            ཚོགས་མི།
སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ།     ཚོགས་མི།

སྡེ་དཔལ་འབྱོར་དྲུང་ཆེ་མཆོག་གང་དེའི་དྲུང་དུ།
ཆེད་ཞུ། འདི་ག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དང་བླང་དཔྱ་དངུལ་ལག་དེབ་ཞིབ་འཇུག་ཚོགས་ཆུང་ནས་དེ་ག་བཀའ་ཤག་དང༌། དཔལ་འབྱོར་ལས་ཁུངས་ནས་ད་བར་དང་བླང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ལམ་སྟོན་དང་བཀོད་ཁྱབ། དེ་བཞིན་འབྲེལ་ཡོད་ས་གནས་ཁག་གི་རང་བདེན་ཚོགས་ཆུང་དང༌། ཕྱི་རྒྱལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་པ་ཁག མི་སྒེར་བཅས་ནས་འདི་ག་ཚོགས་ཆུང་ལ་ཞུ་སྙན་དང་བདེ་སྡུག་ཞུས་པའི་རིགས་ཚང་མར་ཞིབ་འཇུག་གིས། ད་ཆ་དོགས་གཅོད་མ་ཆོད་པའི་བྱུང་བའི་རིགས་འདི་ནས་དོགས་འདྲི་ཞུ་བཞིན་ཡོད་ན། གང་མགྱོགས་བཀའ་ལན་གནང་སྐྱོང་ཡོང་བ་དགོངས་འཇགས་འཚལ་ཞུ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བླང་དཔྱ་དངུལ་ལག་དེབ་ཞིབ་འཇུག་ཚོགས་ཆུང་ནས། ཕྱི་ལོ་༢༠༡༡ ཟླ་ ༡ ཚེས་ ༡༧ ལ།།
༡༽    དང་བླངས་དཔྱ་དངུལ་ལག་དེབ་འདི་བཞིན་ལོ་ལྔ་རེའི་མཚམས་སུ་ཕར་འགྱངས་ཐེངས་རེ་བྱེད་དགོས་པའི་རྒྱུ་མཚན་ཇི་ཆགས་དང༌། གལ་སྲིད་དེ་ལྟར་མ་བྱས་ན་དཀའ་ངལ་ཇི་འཕྲད་སྐོར་ལན་འདེབས་ཡོང་བ།
༢༽    ལག་དེབ་བོར་བརླགས་ཤོར་བའི་འགེངས་ཤོག་ཅིག་འདི་ག་ཚོགས་ཆུང་ལ་གནང་སྐྱོང་ཡོང་བ།
༣༽    ལྡི་ལི་ས་གནས་རང་བདེན་ཚོགས་ཆུང་ནས་ཐོག་མ་དཔྱ་དེབ་གསར་པ་བཟོས་སྐབས་ཨང་གྲངས་མེད་པའི་རྐྱེན་གྱིས། ལས་ཁུངས་ཁག་ནས་དཔྱ་དེབ་བོར་བརླགས་སོང་བར་རྩད་གཅོད་གཏོང་ཡུལ་མེད་པ་དང༌། འགེངས་ཤོག་གཅིག་གི་མིང་ཐོག་དཔྱ་དེབ་གཉིས་གསུམ་གསར་བཟོ་བྱས་པ་སོགས་བྱུང་ཡོད་ལུགས་ཀྱི་གནས་ཚུལ་ཞུས་ཡོད་ན། དེ་འདྲའི་གནས་ཚུལ་ཡོད་མེད་ཀྱི་ལན་འདེབས་ཡོང་བ་ཞུ།
༤༽    ༢༠༠༣ ལོའི་རྗེས་བོད་ནས་གསར་དུ་ཕེབས་པའི་དམིགས་བསལ་འཛུལ་ཞུགས་ལག་དེབ་དཀར་པོར་འཁོད་པའི་གནས་བསྐོར་དང༌། གཞན་འཁོད་པའི་སྡེ་ཚན་རིགས་ལ་དུས་ཚོད་ངེས་ཅན་ནང་དེབ་དཀར་པོ་ཕར་འགྱངས་ཀྱི་ལམ་སྲོལ་ཡོད་མེད་དང༌། དེ་རིགས་ལ་སྐྱབས་བཅོལ་ལག་དེབ་བཟོ་རྒྱུའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་ཞུས་པར་དཀའ་ངལ་ཡོད་མེད་ཀྱི་ལན་གསལ་ཡོང་བ།
༥༽    བལ་ཡུལ་སྣེ་ལེན་ཁང་མ་བརྒྱུད་པར་ཐད་ཀར་བལ་ཡུལ་དང་འབྲུག་ཡུལ་བཅས་སུ་གནས་ཆགས་པའི་བོད་ནས་གསར་འབྱོར་རིགས་ལ་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོའི་ལམ་སྟོན་ནམ་ཆ་རྐྱེན་གང་དགོས་སམ།
༦༽    དཔལ་འབྱོར་ལས་ཁུངས་ནས་ལག་དེབ་ནོར་བཅོས་ཀྱི་འགེངས་ཤོག་བསྐང་སྐབས། རྒྱ་བལ་འབྲུག་གསུམ་ནས་ཧིན་སྒོར་ ༥༠ དང༌། ཕྱི་རྒྱལ་ཡུལ་གྲུ་གཞན་ནས་སྦྲག་གླ་དང་བཅས་ཨ་སྒོར་ ༣༠ ཕུལ་དགོས་པ་ད་ལྟའང་ཌབ་འཛིན་ཐོག་འབུལ་དགོས་མིན་དང༌། ལག་དེབ་ནོར་བཅོས་ཟིན་རྗེས་འབུལ་འཐུས་ཆོག་པ་བཟོ་མ་ཐུབ་པའི་དཀའ་ངལ་ཇི་ཆགས།
༧༽    ཤི་ལོང་སོགས་ས་གནས་མང་དག་ཅིག་ནས་ཤེས་བཞིན་དུ་གསར་པ་མ་ཞུས་པར། ད་དུང་ལག་དེབ་རྙིང་པའི་ཐོག་དཔྱ་དངུལ་འབུལ་བཞིན་ཡོད་པའི་གནས་ཚུལ་ཞུ་མཁན་ཡོད་ན། གནས་ཚུལ་ཇི་ཆགས་ལན་གསལ་ཡོང་བ།
༨༽    བོད་པའི་སྤྱི་ཚོགས་ཁྲོད་དུ་བཟའ་གསུམ་མམ་བཟའ་བཞིའི་གནས་སྟངས་མང་དག་ཡོད་ཅིང༌། དེའི་སྐོར་དཔྱ་དེབ་ནང་གསལ་ཁ་འདོན་པའི་ཐབས་ལམ་མམ་དགོངས་པ་ཡོད་མེད།
༩༽    རྒྱ་གར་དུ་ཐོག་མ་བོད་ནས་འབྱོར་མཁན་རྣམས་ལ་སྐྱབས་བཅོལ་ལག་དེབ་ལས་གཞན་ལག་འཁྱེར་གང་ཡང་མེད་སྟབས། དེ་དག་གི་དཀའ་ངལ་སེལ་ཆེད་ལོ་ན་ ༦༠ ཡན་ལ་ནོར་བཅོས་ཀྱི་ལམ་སྟོན་ཞིག་ཡོད་ཀྱང༌། ལོ་ན་ ༥༠ ཡས་མས་མང་དག་ཅིག་ལའང་དཀའ་ངལ་དེ་མཚུངས་འཕྲད་བཞིན་ཡོད་ན། ལོ་ན་ ༦༠ ཡན་གྱི་ཚད་གཞི་བཟོ་དགོས་པའི་རྒྱུ་མཚན་ཇི་ཆགས།
༡༠༽    རྡེ་ར་ལྡུན་ཁྱབ་ཁོངས་ར་ཇི་སྤུར་སློབ་གྲ྄ར་བོད་ནས་གསར་དུ་ཕེབས་པ་མང་དག་ཅིག་ལ་སྣེ་ལེན་ཁང་གི་ངོས་སྦྱོར་གཅིག་པུ་ལས་མེད་པས། ལག་དེབ་གསར་བཟོ་སྐོར་དཀའ་ངལ་འཕྲད་ལུགས་ཞུ་བཞིན་ཡོད་ན་དེ་འདྲ་ཡོད་མེད་ལན་གསལ་ཡོང་བ།
༡༡༽  སྤྱིར་འཇིག་རྟེན་འདིར་བུ་ཚབ་ཉར་སྲོལ་ཡོད་ཅིང༌། ང་ཚོའི་དཔྱ་དངུལ་ལག་དེབ་ཀྱི་འགེངས་ཤོག་ཏུ་བུ་ཚབ་གསལ་ཐབ་ཡོད་མེད་ལན་གསལ་ཡོང་བ།
༡༢༽  བཟའ་ཚང་ཁ་གྱེས་པ་གང་ཞིག་ཁྱིམ་ཐབ་གསར་པ་འཛིན་རྗེས། བཟའ་འཚོ་གསར་པའི་མཚན་ལག་དེབ་ཏུ་བཀོད་མི་ཐུབ་པའི་རྒྱུ་མཚན་ཇི་ཆགས།
༡༣༽  དཔལ་འབྱོར་ལས་ཁུངས་ནས་ ༢༠༠༥ ཟླ་ ༡༠ ཚེས་ ༡༩ དང༌། ༢༠༠༥ ཟླ་ ༡༠ ཚེས་ ༢༡ སོ་སོར་བཏང་བའི་བཀོད་ཁྱབ་ནང་གསལ་རང་ལོ་ ༡༤ ཡན་ལ་འདྲ་པར་དགོས་པ་དང༌། ༡༤ མན་ལ་འདྲ་པར་མི་དགོས་པའི་དགོངས་པ་གཞིགས་སྟངས་འགྲེལ་བརྗོད་ཡོང་བ།
༡༤༽  བཀའ་ཤག་གི་བཀོད་ཁྱབ་ ༢༠༠༨ ཟླ་༡༡ ཚེས་ ༦ འཁོད་ནང་བལ་ཡུལ་དང་འབྲུག་ཡུལ་དུ་གཏན་སྡོད་ཆོག་པའི་ཡིག་ཆ་ཞེས་པ་གང་ལ་ངོས་འཛིན་དགོས་པ་དང༌། བཀོད་ཁྱབ་ནང་དོ་བདག་གི་ལག་དེབ་ཞུ་སྐབས་ཕ་མའི་ལོ་རྒྱུས་དང་མཐུན་དགོས་ཞེས་འཁོད་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན་ཇི་ཆགས། ཕྲུ་གུ་སྔར་མེད་གསར་བསྣན་དང༌། སྔར་ཡོད་ཕྱིར་འཐེན་མི་ཆོག་ཅེས་པའི་རྒྱུ་མཚན།