དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་ཚོགས་གཞོན་མཆོག་ལ་འཚམས་འདྲི་ཞུས་པ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཧ་རི་ཝན་ཤི་ནཱ་རཱ་ཡན་སིངྒ་ (Harivansh Narayan Singh, Deputy Chairman of Rajya Sabha) མཆོག་རྒྱ་གར་གྲོས་ཚོགས་གོང་མའི་ཚོགས་གཞོན་ལ་བསྐྱར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་དམ་པ་རམ་མ་ནཱོ་ཧར་ (Shri Ram Manohar Lohia) མཆོག་དང་། སྐུ་ཞབས་དམ་པ་ཇཱཡ་པར་ཀཱ་ཤི་ནཱ་རཱ་ཡན་ (Shri Jay Prakash Narayan) མཆོག རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་དམ་པ་ཅཱན་དཱ་ར་ཤི་ཀར་ (Shri Chandra Shekhar (late Prime Minister)) མཆོག གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་དམ་པ་ར་བྷི་རཡེ་ (Shri Rabi Ray (late Speaker of Lok Sabha)) མཆོག སྐུ་ཞབས་དམ་པ་ཇོར་ཇི་ཧྥར་ན་ཌི་སི་ (Shri George Fernandes ) མཆོག་བཅས་ཀྱི་དགོངས་པ་ལྟར། སྐུ་ཞབས་ཁྱེད་ཀྱིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་རེད། སྐུ་ཉིད་ནི་ཤེས་ལྡན་མི་སྣ་ཞིག་དང་། ལྷག་པར་དུ་བོད་རྒྱའི་གནད་དོན་དང་དེ་འབྲེལ་རྒྱ་གར་བཅས་ཀྱི་གནད་དོན་ཐོག་རྒྱུས་མངའ་གཏིང་ཟབ་ཡོད་པའི་ཆ་ནས། སྐུ་ཉིད་ནས་ང་ཚོའི་རྩ་དོན་ཐོག་ལམ་སྟོན་དང་རྒྱབ་སྐྱོར་གང་ཐུབ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༠ ཟླ་ ༥ པ་ནས་འགོ་འཛུགས་ཏེ་ད་བར་རྒྱ་དཀར་ནག་ས་མཚམས་དབར་རྩོད་རྙོག་བྱུང་བཞིན་ཡོད་པ་དང་། དེས་རྐྱེན་པས་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་གྱི་དམག་མི་ཉི་ཤུ་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ལ་དྭགས་ས་མཚམས་སུ་བོད་པའི་དང་ཞབས་དམག་མི་དང་རྒྱ་མིའི་དམག་མིའི་དབར་གདོང་ཐུག་བྱུང་སྐབས། ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་དང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་ཕྱིན་ཡོད། བྱས་ཙང་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་ཐབས་སུ་བོད་ཀྱི་གནད་དོན་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྟབས། སྐུ་ཉིད་ནས་བོད་ཀྱི་གནད་དོན་གསལ་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
ང་ཚོས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད།  སྐུ་ཉིད་ནི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཞིག་དང་། ལྷག་པར་དུ་གྲོས་ཚོགས་ཀྱི་ཚོགས་གཞོན་ཞིག་ཡིན་པའི་ངོས་ནས་བོོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།
སྐུ་ཉིད་ནས་དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་དང་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་ཁྱེད་དང་ལྷན་མཇལ་མོལ་གནང་རྒྱུའི་གོ་སྐབས་ཡོང་ངེས་ཡིན།
ངས་སླར་ཡང་སྐུ་ཉིད་གྲོས་ཚོགས་གོང་མའི་ཚོགས་གཞོན་དུ་བསྐྱར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །