དཔལ་ལྡན་ཚོགས་གཞོན་མཆོག་པན་ཇབ་དང་ཧར་ཡ་ན་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཧོ་ཤ་ཡར་པུར་  (Hoshiarpur) གྲོང་ཁྱེར་ནང་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་ (Baba Sri Guru Nanak Dev ji) དམ་པ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བ་དང་། གུ་རུ་ཌིབ་སིང་ (Baba Deep Singh ji) དམ་པ་མཆོག་སྐུ་འཁྲུངས་པའི་དུས་དྲན་བཅས་སྲུང་བརྩིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཧར་ཡ་ན་མངའ་སྡེའི་རི་ཝ་རི་ (Rewari) གྲོང་ཁྱེར་ནང་ཧར་ཡ་ནའི་མངའ་ཁོངས་བོད་མིའི་ཚོང་པའི་སྐྱིད་སྡུག་ས་ཁག་བཅུ་གསུམ་གྱི་ཚོང་པའི་ཚོགས་ཆེན་སྐབས་གཉིས་པ་འཚོགས་རྒྱུའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་ཧོ་ཤ་ཡར་པུར་གྲོང་ཁྱེར་དུ་ཕེབས་ཐོན་གནང་སྟེ་སིག་ཆོས་ལུགས་ཀྱི་གུ་རུ་དམ་པ་གཉིས་ཀྱི་སྐུའི་འཁྲུངས་སྐར་དུས་དྲན་ཐོག་མཉམ་ཞུགས་གནང་རྗེས་ཕྱི་དྲོ་རྡ་སར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་རི་ཝ་རི་གྲོང་ཁྱེར་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༡ ཉིན་ས་གནས་ཚོང་པའི་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་ཕེབས་རྒྱུ། ཕྱི་ཚེས་ ༢༢ ཉིན་ས་གནས་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །