དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ལ་ཕྱོགས་ཕེབས་སྐབས་མངའ་གཞུང་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།

འབྲས་ལྗོངས་མངའ་སྡེའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིན་དྷ་ར་ ཧང་ སུ་བྷ་མཆོག

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་བསྟུན། ཀ་རྡོར་སྒང་གསུམ་དང་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་སོ་སོའི་གོ་སྒྲིག་འོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་ལས་ཟུར་དང་། བོད་དོན་རྒྱབ་སྐྱོར་བ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༧ ནས་ ༡༤ བར་རིམ་པས་རྡོར་གླིང་རྫོང་དཔོན་ལྕམ་སྐུ་དྷི་བྷབ་ པིར་ཡ་ པི་ (Smt. Deepap Priya P,district magistrate of Darjeeling) མཆོག་དང་། ར་ཝང་ལ་ས་ཁུལ་མངའ་སྡེའི་གྲོས་ཚོགས་འཐུས་མི་བྷོ་ཊི་ཡ་བཀྲ་ཤིས་དོན་གྲུབ་མཆོག  འབྲས་ལྗོངས་ས་ཁུལ་གྱི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིན་དྷ་ར་ ཧང་ སུ་བྷ་ (Shri Indra Hang Subba,MP from Sikkim) མཆོག རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པི་ཊི་ རྒྱམ་མཚོ་ (P.T.Gyamtso,Former Rajya Sabha Member) མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་པི་ཌི་ རཡེ་ (Shri P.D Rai,Former MP) མཆོག

གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ན་ཀུལ་ དྷ་ས་ རཡེ་ (Nakul Das Rai, Former MP) མཆོག   ཀ་སྦུག་སྐོར་སྲུང་བ་སྤྱི་ཁྱབ་སྐུ་ཞབས་སུར་ཡ་ པར་ཏབ་  (Shri Surya Pratap Yadav,IPS,SP,Kalimpong) མཆོག ཀ་སྦུག་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ར་བྷི་ པྲ་དཱན་ (Shri Rabi Pradhan,Municipality Chairman of Kalimpong) མཆོག བྷེང་གྷལ་བྷོ་ཊི་ཡ་ཡར་རྒྱས་ཚོགས་པའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་དགྲ་འདུལ་རིན་ཆེན་བྷོ་ཊི་ཡ་   (Shri Lt.col (Retd) Dadul Rinchen Bhutia,Vice Chairman, West Bengal Bhutia Development Board) མཆོག   བོད་དོན་རྒྱབ་སྐྱོར་བ་དང་རྒྱ་གར་དབུས་གཞུང་གི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ། དེ་བཞིན་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ ཊི་ བྷོ་ཊི་ཡ་ (Shri P.T. Bhutia, President, ITFS (Kalimpong)) མཆོག ༧རྒྱལ་བའི་སྐུ་སྲུང་བ་ཟུར་པ་ཉི་མ་དབང་འདུས་མཆོག་བཅས་ཁག་སོ་སོར་མཇལ་འཕྲད་གནང་ཡོད་འདུག

མཇལ་འཕྲད་སྐབས་སོ་སོར་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་བྱུང་རིམ་གནས་སྟངས་དང་།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༨ བར་བོད་ནང་བོད་མིའི་རྩ་དོན་ཆེད་སྐུ་ལུས་མེར་སྲེག་གནང་མཁན་བོད་མི་གྲངས་ ༡༥༣ བྱུང་ཡོད་ཚུལ། ཉེ་ཆར་འཚོགས་པའི་དམིགས་བསལ་ཚོགས་ཆེན་ཐོག་རྒྱ་ནག་དམར་གཞུང་གིས་༧སྐུའི་ཡང་སྲིད་སྐོར་ལ་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་སྤྱི་མོས་གྲོས་ཆོད་འཇོག་གནང་མཛད་པའི་སྐོར། ད་བར་རྒྱ་གར་གཞུང་དང་མི་མང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་བོད་དོན་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་སྤྱི་དང་། ལྷག་དོན་ས་གནས་སོ་སོའི་འབྲེལ་ཡོད་ས་གནས་འགོ་འཛིན་བརྒྱུད་ས་གནས་བོད་མི་རྣམས་ལ་རོགས་མགོན་ངེས་པར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་འབྲེལ་ཡོད་དཔོན་རིགས་ཚོས་ཀྱང་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་རྒྱབ་ཀ་སྦུག་ས་གནས་ནས་ཕེབས་ཐོན་གྱིས་ས་ལུ་གྷར་མི་འཐུས་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཕྱི་ཚེས་ ༡༥ ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་བྷག་ཌོ་ར་གནམ་ཐང་བར་ཕེབས་སྐྱེལ་དང་བཅས་རྒྱ་གར་བྱང་ཤར་ཁུལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་སྟེ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་དབུས་རྒྱུན་བཅས་ཀྱི་ལྷན་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་བཅས། །