དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ནས་རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་བ།

 ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་ཚེ་རིང་ལྷ་མོ་མཆོག་བཅས་ནས་རྡ་ས་ཤི་ལ་ཅོག་ (Sheela Chowk, Dharamsala) ཏུ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ ནི་རི་ཡ་ (Vishal Nehria, MLA Dharamshala) མཆོག་དང་མཇལ་འཕྲད་ཀྱིས་ཁོང་ལ་ཉེ་ཆར་ས་གནས་ཀྱི་འོས་བསྡུའི་ནང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བོད་དོན་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་ཅིག་འགྲེལ་བཤད་སྙིང་བསྡུས་དང་བཅས་ཕུལ་གནང་ཡོད་འདུག་པ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ལྷག་པར་དུ་ས་གནས་རྡ་སའི་ནང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་ཁང་པ་དང་། ཁོར་ཡུག རྒྱ་ལམ་གློག་ (Street Light) སོགས་ཀྱི་དཀའ་ངལ་སྐོར་སྙན་སེང་ཞུས་གནང་འདུག

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ ནི་རེ་ཡ་མཆོག་གིས་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཀུལ་རྡིབ་ ཅནྜ་ ཨག་ནི་ཧོཏྲི་ (Dr. Kuldeep Chand Agnihotri, Vice Chancellor of Central University of Himachal Pradesh) མཆོག་བཅས་དང་ལྷན་བོད་དོན་དང་འབྲེལ་བའི་ལྷན་ཚོགས་མང་པོའི་ནང་བཅར་མྱོང་ཡོད་སྟབས། བོད་དོན་སྐོར་གོ་རྟོགས་གང་ལེགས་ཡོད་སྐོར་དང་། ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞེས་གསུངས་གནང་འདུག་པ་དང་། གཞན་ཡང་སྐུ་ཞབས་ཁོང་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ནས་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་དང་ཁོང་གི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་དང་། རྡ་སའི་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྙན་སེང་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག་པ་བཅས། །