དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ཀྱིས་ཀོང་རེ་སི་སྲིད་དོན་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་འགན་ཁུར་བ་ལྕམ་སྐུ་ར་ཇི་ནི་པ་ཌིལ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་འགན་ཁུར་བ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ར་ཇི་ནི་པ་ཌིལ་ (Rajni Patil,Congress-in-charge for Himachal Pradesh) མཆོག་འབྱུང་འགྱུར་ཕྱི་ལོ་ ༢༠༡༩ རྒྱ་གར་དབུས་གྲོས་ཚོགས་འོག་མའི་འོས་བསྡུ་དང་འབྲེལ། ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་གིས་གཙོས་རྫོང་ཁག་བདུན་ནང་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ས་གནས་ཀོང་རེ་སི་གནད་ཡོད་མི་སྣ་དང་། མི་མང་ལྷན་མཇལ་འཕྲད་ཆེད་རྡ་སར་ཕེབས་པ་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་ག་གྷལ་ཉེ་འདབས་སུ་ཡོད་པའི་མ་ཌུར་ས་གནས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ཀྱིས་ཁོང་ལ་འཚམས་འདྲིའི་མཇལ་དར་དང་སྦྲགས། ཞུ་ཡིག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་བཅས་ཕུལ་གནང་ཡོད།

དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་འདས་པའི་ལོ་དུས་ནང་ལྡི་ལིར་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་ཡོད་སྐོར་སྙན་གསན་ཞུས་པ་དང་། དེ་བཞིན་མ་འོངས་རྒྱ་གར་ཆར་དུས་གྲོས་ཚོགས་སྐབས་ལྡི་ལིར་བོད་མི་མང་སྤྱི་འཐུས་རྣམས་བཅར་སྐབས། མཇལ་འཕྲད་ཀྱི་དུས་ཚོད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བར། ཁོང་ནས་ཀྱང་དེ་ལྟར་ཞལ་བཞེས་གནང་ཡོད།

དེ་བཞིན་སྐབས་དེར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཇི་ཨེ་སི་བྷ་ལི་ (G.S.Bali) མཆོག་དང་། སྐུ་ཞབས་སུག་ཝིན་ཏར་སིང་སུ་ཁུ་ (Sukhvinder Singh Sukhu) མཆོག སྐུ་ཞབས་མུ་ཀེ་ཤི་ཨག་ནི་ཧོ་ཏེ་རི་ (Mukesh Agnihotri) མཆོག སྐུ་ཞབས་སུ་དིར་ཤར་མ་ (Sudhir Sharma) མཆོག་བཅས་མཇལ་འཕྲད་དང་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །