དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་པ་ལམ་པུར་དུ་ཉིན་དྲུག་རིང་གི་དབུགས་སྦྱོང་ལས་རིམ་ཞིག་གི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༡ ཉིན་རྒྱལ་སྤྱིའི་དབུགས་སྦྱོང་ཉིན་མོ་དང་བསྟུན། ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་པ་ལམ་པུར་དུ་རྟེན་གཞི་བྱས་པའི་ (Vivekananda Medical Research Trust) ཞེས་པའི་སྨན་ཁང་དང་ཞིབ་འཇུག་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཉིན་གྲངས་དྲུག་རིང་གི་དབུགས་སྦྱོང་ལས་རིམ་གྱི་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་གནང་བ་དང་། དེའི་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་བཞིན་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་། ས་གནས་ཡུལ་མི་ ༢༠༠ ཙམ་ཕེབས་གནང་འདུག

མཛད་སྒོའི་ཐོག་མར་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་དཔལ་ལྡན་ཚོགས་གཞོན་མཆོག་མཛད་སྒོར་ཕེབས་པར་འཚམས་འདྲི་དང་སྦྲགས། དབུགས་སྦྱོང་གིས་ལུས་ལ་ཕན་ཡོན་ཇི་ཡོད་སྐོར་དང་། དབུགས་སྦྱོང་སྦྱོང་བརྡར་བྱས་པ་བརྒྱུད་ཁོང་གི་མིག་དབང་ནུས་པ་ཡག་ཏུ་ཕྱིན་པའི་ཉམས་མྱོང་སྐོར། དེ་བཞིན་དབུགས་སྦྱོང་སྦྱོང་བརྡར་བྱེད་ན་གཟུགས་ཁམས་ཀྱི་བདེ་ཐང་ལ་ཁེ་ཕན་མང་པོ་ཡོད་སྐོར་གསུངས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨིན་ཡིག་གི་ཡོ་ག་ (Yoga) ཟེར་བའི་མིང་ཚིག་དེ་ཚིག་འབྲུ་བཞི་བསྡུས་པའི་མིང་ཚིག་གཅིག་ཡིན་ཡང་དེའི་རྒྱབ་ལྗོངས་ལ་རིགས་པའི་གཞུང་ལུགས་གཏིང་ཟབ་ཡོད་སྐོར་གསུངས་གནང་བ་དང་། སྤྱིར་བཏང་གི་ལུས་རྩལ་དང་དབུགས་སྦྱོང་དབར་གྱི་ཁྱད་པར། དེ་བཞིན་དབུགས་སྦྱོང་སྦྱོང་བརྡར་བྱེད་སྐབས་དམིགས་བསལ་གྱི་ཐང་ཆེན་སོགས་མི་དགོས་པར། ས་གནས་དང་དུས་ཚོད་ཀྱི་ཁྱད་པར་མེད་པར་སོ་སོ་རང་ཉིད་ཀྱི་འདོད་པ་གཞིར་བཟུང་སྦྱོང་བརྡར་བྱེད་ཐུབ་ཀྱི་ཡོད་སྐོར་གསུངས་གནང་བ་མ་ཟད། དབུགས་སྦྱོང་སྦྱོང་བརྡར་བྱེད་ན་ཕྱིའི་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཙམ་མ་ཟད། ནང་སེམས་ཀྱི་བདེ་ཐང་ལའང་ཕན་ཐོགས་ཡོད་སྐོར་གསུངས་གནང་འདུག

དཔལ་ལྡན་ཚོགས་གཞོན་མཆོག་གིས་མུ་མཐུད་གསུང་དོན། སྤྱིར་བཏང་ལུས་རྩལ་སྦྱོང་བརྡར་དང་། རྒྱ་གར་གྱི་ཚེའི་རིག་བྱེད་དང་བོད་ཀྱི་གསོ་བ་རིག་པ། དེ་བཞིན་དབུགས་སྦྱོང་སྦྱོང་བརྡར་བཅས་སོ་སོར་མིའི་གཟུགས་པོའི་འཕྲོད་བསྟེན་བདེ་ཐང་གསོ་ཐབས་སླད་དམིགས་བསལ་གྱི་ཁྱད་ཆོས་དང་ནུས་པ་ལྡན་ཡོད་ཀྱང། དེ་གསུམ་གྱི་ནང་ནས་དབུགས་སྦྱོང་སྦྱོང་བརྡར་ལ་སྒོམ་སྒྲུབ་ཉམས་ལེན་གྱི་ཁྱད་ཆོས་ཡོད་ཙང་། ལུས་སེམས་གཉིས་ཀའི་བདེ་ཐང་གསོ་ཐབས་དང་། སེམས་ནང་ཞི་བདེ་བསྐྲུན་ཐབས་སླད་དམིགས་བསལ་གྱི་ནུས་པ་ཡོད་ཅེས་དང་།

དེང་སང་མི་མང་ཆེ་བས་དབུགས་སྦྱོང་གི་རྒྱབ་ལྗོངས་རིགས་པའི་གཞུང་ལུགས་རྣམས་ལ་དོ་སྣང་མ་བྱས་ནས་ཕྱིའི་གཟུགས་པོའི་བདེ་ཐང་ཁོ་ནའི་ཆེད་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། གལ་ཏེ་དབུགས་སྦྱོང་སྦྱོང་བརྡར་གྱི་རྒྱབ་ལྗོངས་རིགས་པའི་གཞུང་ལུགས་དང་། ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་མ་ཤེས་ན། དེའི་ཁེ་ཕན་ཡོངས་རྫོགས་ཐོབ་དཀའ་བ་རེད། བྱས་ཙང་རྣམ་པ་ཚོས་དབུགས་སྦྱོང་གི་རྒྱབ་ལྗོངས་རིགས་པའི་གཞུང་ལུགས་གཏིང་ཟབ་ཡོད་པ་རྣམས་སྤྱི་ཚོགས་ནང་དོ་སྣང་སླེབས་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག

ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་རྒྱུན་འཛིན་གནང་རྒྱུ་གལ་ཆེ་ཡིན་པའི་སྐོར་ལ་གསུང་དོན། བོད་ནང་རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ཙང་། བཙན་བྱོལ་ནང་བོད་མི་རྣམས་ཀྱིས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། འོན་ཀྱང་རྒྱ་གར་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སོ་སོའི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུར་རང་དབང་ཚད་ལྡན་ཡོད་སྟབས། གཞོན་སྐྱེས་ཚོར་རིག་གཞུང་རྒྱུན་འཛིན་བྱེད་རྒྱུའི་ལམ་སྟོན་གནང་དགོས་ཞེས་དང་།  རིག་གཞུང་ལ་རིགས་དང་། གྲལ་རིམ། ཚོགས་པ་སོགས་ཀྱི་དབྱེ་བ་མེད་པ་དང་། རིག་གཞུང་རྒྱུན་འཛིན་དང་ཡུན་གནས་ཐུབ་ན་རྒྱལ་ཁབ་ཀྱི་མི་མང་ཁྱོན་ཡོངས་ལ་རྒྱལ་ཁ་ཐོབ་པ་རེད་ཅེས་གསུངས་གནང་བ་དང་། དེ་བཞིན་བོད་ཀྱི་གསང་སྔགས་ཀྱི་ཉམས་ལེན་སྐོར་ལའང་གསུངས་གནང་འདུག