དཔལ་ལྡན་ཚོགས་གཞོན་མཆོག་ཀུམ་རའོ་སྒ་པ་གཞིས་སྒར་དུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ།

༄༅། །འདི་གར་ཀུམ་རའོ་སྒ་པ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨།༢༠༡༩ ལོ་ནི་རྒྱ་གར་གྱིས་གཙོས་བོད་མི་བཙན་བྱོལ་བ་གནས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༣ རེས་གཟའ་ཉི་མའི་ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་སྣེ་ཁྲིད་འོག་ཁྱབ་ཁོངས་སྒ་པ་བདེ་དོན་ཚོགས་པ་ནས་མཉམ་རུབ་ཐོག་ཀུམ་རའོ་ས་གནས་སུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཟབ་རྒྱས་ཞིག་གོ་སྒྲིག་ཞུས་ཡོད།

དེ་ཡང་སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མྰ་ཅལ་མངའ་སྡེ་གཞུང་གི་བློན་ཆེན་སྐུ་ཞབས་རཱ་ཇིབ་སེ་ཛལ་ Dr. Rajiv Saizal,Social Justice and Empowerment Minister མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་སྐུ་མགྲོན་དུ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷལ་དེབ་སིངྒ་ཏོ་མར་ Shri. Baldev Singh Tomar མཆོདང་། སིར་མོར་རྫོང་གི་སྤྱི་ཁྱབ་སྐོར་སྲུང་འགན་འཛིན་ Shri. Rohit Malpani མཆོག སྤོན་ཊའི་ཁྲིམས་དཔོན་གཞོན་པ་ Shri. L.R. Verma, Sub Divisional Magistrate (SDM) སིར་མོར་རྫོང་གི་སྤྱི་ཁྱབ་སྐོར་སྲུང་གཞོན་པ་ Shri. Parmod Chauhan, D.S.P གཞན་ཡང་གཡས་གཡོན་གྲོང་གསེབ་ཁག་གི་འགོ་འཛིན་དང་། ས་གནས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི་ཁག་ཅིག ས་གནས་ཡུལ་མི་བཅས་མཛད་སྒོར་ཕེབས་གནང་ཡོད།

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་ཡོད། དེ་ནས་ཀུམ་རའོ་གཞིས་སྒར་གྱི་ན་གཞོན་རྣམས་ནས་རིག་གཞུང་འཁྲབ་སྟོན་གནང་ཡོད།

གཞན་ཡང་སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་དབར་གྱི་གནའ་དེང་འབྲེལ་ལམ། བཙན་བྱོལ་ནང་འགྲུལ་བཞུད། ” ཅེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད། དེའི་མཉམ་འདི་གའི་བརྩེ་ཆེན་བསམ་འགྲུབ་གླིང་དགོན་པ་ནས་རྡུལ་མཚོན་དཀྱིལ་འཁོར་དང་། གཏོར་མ། ཆམ་གི་འཁྲབ་ཆས་ཁག་ཅིག་འགྲེམས་སྟོན་ཐུབ་པ་བྱུང་ཡོད། མཐར་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཕྱག་རྟགས་དང་ཕྱག་དེབ་ཕུལ་ཐུབ་པ་བྱུང་ཡོད་པ་བཅས། །