དཔལ་ལྡན་ཚོགས་གཞོན་མཆོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཏེ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་ནང་ཕྱི་ཚེས་ ༡༡ ནས་ ༡༦ བར་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྐྱབས་རྗེ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག།སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག དེ་བཞིན་རྡ་ས་ས་གནས་འགོ་འཛིན། ཚོགས་པའི་རྒྱུན་ལས་རྣམ་པ། གཞན་ཡང་ས་གནས་ཁག་ནས་ཕེབས་པའི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ཚང་འཛོམས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་ཨིན་ཡིག་ནང་བསྒྱུར་བའི་ ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཕྱག་བྲིས་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་དཔེ་དེབ་གཅིག་དབུ་འབྱེད་གནང་བ་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་དཔེ་དེབ་ཁག་གསུམ་དབུ་འབྱེད། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཁག་གི་ལོ་རྒྱུས་དཔེ་དེབ་གཅིག་བཅས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་ང་ཚོས་ལོ་རྒྱུས་ཐོག་ནས་མར་བལྟས་པ་ཡིན་ན། བཙན་བྱོལ་ནང་ལ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་དགོངས་གཞི་བླ་ན་མེད་པའི་འོག་ཕྱི་ལོ་ ༡༩༨༤ ལོར་བུད་མེད་ལྷན་ཚོགས་འགོ་བཙུགས་པ་ནས་ད་བར་ཕལ་ཆེར་ལོ་ངོ་ ༣༣ ཙམ་ཕྱིན་ཡོད་པ་དང་། དེའི་རིང་ཚོགས་ཆེན་རིམ་པ་བསྐྱངས་ནས་གྲོས་ཆོད་བཞག་ཡོད། གྲོས་ཆོད་གཞིར་བཞག་པའི་ཐོག་ཕྱག་ལས་གང་གནང་བ་དེ་དག་དེ་རིང་ལས་བསྡོམས་ནང་སྙན་སྒྲོན་ཞུས་གནང་བ་རེད། སྤྱིར་ང་རང་ཚོའི་ལོ་རྒྱུས་ཐོག་ཁ་ཕྱི་བལྟས་ཤིག་ཞུས་པ་ཡིན་ན། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གི་གནོན་ཤུགས་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དགོས་བྱུང་བ་དང་། སྐབས་དེ་དུས་སྟག་ལྷ་ཚེ་རིང་སྒྲོལ་མ་ལགས་ཀྱིས་དབུས་པའི་བོད་ཀྱི་སྐུ་སྐྱེས་མ་ཁག་ཅིག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བཞག་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་འདིར་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་ཆེད་རྒྱལ་གཅེས་བུད་མེད་ཚོགས་པ་ཟེར་བ་ཞིག་བཙུགས་ཡོད་པ་ལོ་རྒྱུས་ནང་མཇལ་རྒྱུ་ཡོད་རེད། རྒྱལ་གཅེས་བུད་མེད་ཚོགས་པ་བཙུགས་པའི་སྐབས་སུའང་བཀའ་ཤག་ལ་དགོངས་སྐོར་ཞུས་པ་དང་། བཀའ་ཤག་ནས་ཀྱང་དེ་གནད་འགག་ཆེན་པོར་བརྩིས་ནས་བཀའ་འཁྲོལ་གནང་བའི་ཐོག་བཙུགས་བཞག་པ་ཞིག་ཡིན་པ་དང་། བོད་ཀྱི་སྐུ་སྐྱེས་མ་ཚོས་རྒྱ་ནག་སྲིད་གཞུང་ལ་ཁ་གཏད་བཅག་པ་དང་། བོད་ཀྱི་འཐབ་རྩོད་ཆེད་སྐུ་ངལ་ཆེན་པོ་བསྐྱོན་པ་དེ་དུས་ནས་མཇལ་རྒྱུ་ཡོད་རེད།

བོད་ནང་ཕྱི་ལོ་ ༡༩༥༩ གསུམ་ཅུའི་དོན་རྐྱེན་དང་། དེ་རྗེས་ཕྱི་ཟླ་ ༣ ཚེས་ ༡༢ དང་། ༡༧། ༡༩། བཅས་སྐབས་སོ་སོར་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་བྱས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་བུད་མེད་ཚོས་འདུ་འཛོམས་ཆེན་པོ་གནང་བ་མ་ཟད། ཀུན་བཟང་ལགས་ཀྱིས་གཙོས་བོད་ཀྱི་སྐུ་སྐྱེས་མ་རྣམས་ཀྱིས་དཔའ་མཛངས་ཆེན་པོའི་ངང་ནས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་གནང་བ་དང་། ངོ་རྒོལ་དེ་ཡང་འཚེ་མེད་ཞི་བའི་ཐོག་ནས་རྒྱ་མིའི་དཔོན་རིགས་རྣམས་བོད་ནས་ཕྱིར་ལོག་བྱེད་དགོས་པའི་ལས་འགུལ་རྣམ་དཔྱོད་དང་ལྡན་པ་སྤེལ་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས། ཀ་སྦུག་གཡས་གཡོན་དུ་ཡོད་པའི་སྐུ་སྐྱེས་མ་རྣམ་པ་ཚོས་སྔར་གྱི་ལོ་རྒྱུས་མུ་མཐུད་ཀྱིས་ཀ་རྡོར་བུད་མེད་ཚོགས་པ་བཙུགས་གནང་ཡོད། རྒྱ་ནག་གི་དཔོན་རིགས་ལྡི་ལིར་ཡོང་རྒྱུའི་གསལ་བསྒྲགས་ཐོས་པ་དང་ལམ་སེང་ཀ་སྦུག་ནས་ཐོན་ཏེ་སི་ལི་གུ་རི་བརྒྱུད་ལྡི་ལིར་འགྲོ་རྒྱུར་བཀག་སྡོམ་བྱས་སྟབས། ཁོང་རྣམ་པས་སི་ལི་གུ་རི་མེ་འཁོར་བབས་ཚུགས་སུ་ཞི་བའི་ངོ་རྒོལ་བྱས་ནས་མེ་འཁོར་སྐར་མ་ ༤༠ ཙམ་རིང་འགྲུལ་བཞུད་བྱེད་མི་ཐུབ་པ་དང་། མཐར་མངའ་སྡེའི་གཞུང་གི་དཔོན་རིགས་རྣམས་དེ་གར་ཕེབས་ནས་ཁོང་རྣམས་ལ་རེ་སྐུལ་ཞུས་རྗེས་ངོ་རྒོལ་འཚམས་འཇོག་བྱས་པ་སོགས་ལོ་རྒྱུས་ནང་དངོས་སུ་མཇལ་རྒྱུ་ཡོད་རེད། ལོ་རྒྱུས་དེ་ཚོར་ང་ཚོ་ཚང་མས་དོ་སྣང་བྱེད་དགོས་པ་རེད་མ་གཏོགས་བུད་མེད་ལྷན་ཚོགས་གཅིག་པུས་བདག་པོ་རྒྱག་དགོས་རེད་ཅེས་ཟེར་རྒྱུ་ཡོད་མ་རེད། ང་རང་ཝ་ར་ཎ་སི་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པའི་སྐབས། ཕྱི་ལོ་ ༡༩༨༥ ལོར་སྐབས་དེའི་ཚོགས་གཙོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་རྣམ་པས་བོད་ཀྱི་བུད་མེད་ལྷན་ཚོགས་སྲ་བརྟན་ཡོང་རྒྱུར་དཔལ་འབྱོར་མཁོ་སྒྲུབ་གནང་བ་སོགས་མཇལ་རྒྱུ་བྱུང་སོང་།

མདོར་བསྡུས་ན་ཕྱི་ལོ་ ༡༩༥༡ དང་། ༥༩། ༦༠། ༨༤ ལོ་བཅས་ཀྱི་ནང་བུད་མེད་ཀྱི་ཚོགས་པ་འཛུགས་སྟངས་མི་འདྲ་བའི་རིམ་པ་གཉིས་ཙམ་བྱུང་ཡོད། གཞི་རྒྱ་ཆེ་བའི་བུད་མེད་ལྷན་ཚོགས་དེ་ ༡༩༨༤་་༨༥ ནང་གཟེངས་སུ་ཐོན་པའི་ཐོག་བཙུགས་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ཡན་ལག་ཁག་ ༥༨ ཡོད་པ་ཚོགས་གཙོས་གསུངས་སོང་། ཧ་ཅང་ཡག་པོ་རེད། ཡན་ལག་ག་ཚོད་ཀྱིས་མང་དུ་འགྲོ་བ་དེ་ཙམ་གྱིས་ཚོགས་པའམ་སྒྲིག་འཛུགས་ཚགས་ཚུད་པ་དང་ཚད་ལྡན་ཡིན་པ་མཚོན་གྱི་ཡོད། བྱས་ཙང་ཡར་རྒྱས་ལ་མཐའ་མེད་པ་དང་། ད་དུང་ཡིན་ནའང་ཡན་ལག་མང་དུ་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། བོད་ཀྱི་བུད་མེད་ལྷན་ཚོགས་བཙུགས་ནས་ལོ་ངོ་ ༣༣ འགྲོ་བཞིན་པ་དང་། དེ་རིང་ཚོགས་ཆེན་ཐེངས་ ༡༢ པའི་དབུ་འབྱེད་ཀྱི་འདུ་འཛོམས་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་ནང་ཚོགས་ཐུབ་པ་དེ་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་མཁན་ཚོ་ཚགས་ཚུད་པོ་དང་། སྤུས་དག་པོ་ཚད་དང་ལྡན་པ་ཡོད་པ་གསལ་པོ་སྟོན་གྱི་ཡོད་ལ་ངོས་འཛིན་ཡང་འདི་ལྟར་ཞུ་ཡི་ཡོད།

བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༣༢ འཁོར་བའི་སྐབས་སུ་ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སྐུ་མགྲོན་དུ་བཅར་སྐབས་རྡ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ལས་བསྡོམས་ཉན་རྒྱུའི་གོ་སྐབས་བྱུང་བ་དང་། དེ་རིང་དབུས་བུད་མེད་ལྷན་ཚོགས་ཀྱི་ལས་བསྡོམས་ཉན་རྒྱུའི་གོ་སྐབས་བྱུང་། སྤྱིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱག་ལས་གང་གནང་གི་ཡོད་པ་དེ་བོད་བསྟན་སྲིད་དང་། རང་དབང་། མི་རིགས་ཀྱི་འཐབ་རྩོད་གཞིར་བཞག་པའི་ཐོག་གནང་གི་ཡོད་པ་རེད་མ་གཏོགས་བུད་མེད་ལྷན་ཚོགས་རང་གི་ཁེ་ཕན་ཆེད་གནང་གི་མེད་པ་ཆགས་ཡོད། བུད་མེད་ལྷན་ཚོགས་ནས་ཆོས་ཕྱོགས་ཐོག་ལས་ཀ་གང་གནང་བ་ལས་བསྡོམས་སྙིང་བསྡུས་ཉན་རྒྱུ་བྱུང་བ་མ་ཟད། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙུན་མའི་ལས་གཞིའི་སྐོར་ལ་ཞིབ་ཕྲ་གསུངས་གནང་བ་ཉན་རྒྱུ་བྱུང་།

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གནས་བཅུ་པོ་ཡོངས་རྫོགས་རྩ་མེད་བཟོ་བཞིན་ཡོད་པ་དང་། དགོན་སྡེ་གྲྭ་ཚང་གཏོར་བ་དང་། དགེ་བཙུན་གྱི་གྲངས་འབོར་ཉུང་དུ་གཏོང་བཞིན་པ་དེ་དག་མངོན་གསལ་དོད་པོས་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཀྱང་། མངོན་གསལ་མི་དོད་པའི་ཐོག་བོད་ཀྱི་རིག་གནས་བཅུ་པོ་ཚང་མ་རྩ་མེད་བཟོ་བཞིན་ཡོད་པ་མདོར་ན་བོད་ཀྱི་ངོ་བོ་བརླག་ཐབས་བྱེད་བཞིན་ཡོད་པ་དེ་དག་ང་ཚོས་ཤེས་དགོས། ང་ཚོ་ཚང་མ་སྣེ་ཁྲིད་མཁན་ཤ་སྟག་ཡིན་ཙང་། རྒྱ་ནག་གཞུང་གིས་ཇི་ལྟར་བོད་ཀྱི་རིག་གནས་རྩ་མེད་བཟོ་ཡི་ཡོད་པ་དང་། ང་ཚོའི་ངོས་ནས་དེ་དག་སྲུང་སྐྱོབ་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ཚང་མ་ཤེས་པའི་ཐོག་བོད་པའི་སྤྱི་ཚོགས་ཙམ་མིན་པར་སྡིངས་ཆ་འདྲ་མིན་ནང་བཤད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོ་དེ་རིང་ཚོགས་ཆེན་ནང་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་ཙང། དེ་ཚོའི་ཐོག་བཀའ་བསྡུར་ལྷུག་པོ་གནང་ནས་གྲོས་ཆོད་བཞག་ཐུབ་ན་ཡག་པོ་ཡོད་རེད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཀྱང་བཀའ་སློབ་ཟབ་རྒྱས་གནང་བ་བཅས། །