དཔལ་ལྡན་ཚོགས་གཞོན་མཆོག་ཧིན་དུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་གི་ཐོག་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༩ ཉིན་རྡ་ས་ཀངྒ་ར་རྫོང་ནང་ཆགས་པའི་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ (RSS) བསྟི་གནས་ཁང་དུ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) མཆོག་གིས་བོད་དོན་བདེན་མཐའ་གང་མགྱོགས་གསལ་ཐབས་སླད་རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཧིན་དུའི་བླ་ཆེན་དབུ་ཞུགས་ཐོག་ཆོས་ཕྱོགས་ཀྱི་བྱེད་སྒོ་དབུ་འཛུགས་གནང་བ་དང་། དེེའི་སྐབས་དགེ་ལྡན་ཆོས་གླིང་གི་བཙུན་མ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད། ཆོས་ཕྱོགས་ཀྱི་བྱེད་སྒོ་གྲུབ་མཚམས་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་མཆོག་ལ་བོད་དོན་ཆེད་དེ་ལྟ་བུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་རྗེས་སྐུ་ཞབས་ཁོང་ནས་འབྱུང་འགྱུར་མུ་མཐུད་ཆོས་ཕྱོགས་ཀྱི་བྱེད་སྒོ་གནང་སྐབས་བོད་པའི་དགེ་འདུན་པ་དང་། བཙུན་མ་རྣམས་མཉམ་ཞུགས་གནང་རྒྱུ་ཡོང་བའི་རེ་སྐུལ་ཞུས་གནང་ཡོད།

སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་མཆོག་གིས་ལོ་ཤས་ནང་འཛམ་གླིང་ཞི་བདེ་དང་ལྷག་པར་བོད་ཀྱི་དཀའ་རྙོག་འཚེ་མེད་ཞི་བའི་ལམ་ནས་གང་མགྱོགས་སེལ་ཐབས་སླད་རྒྱ་གར་ཧིན་དུའི་ཆོས་དཔོན་ཞིག་ལ་བཀའ་ལུང་ཞུས་གནང་བ་དང་། བཀའ་ལུང་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐེངས་ ༡༠༨ བྱེད་དགོས་པ་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༦ ལོ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་འགོ་འཛུགས་པ་དང་། དེ་ཡང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐེངས་ ༣༢། ༣༣། ༣༤ པ་འདི་ཟླའི་ཚེས་ ༢༧ དང་། ༢༨ ། ༢༩ བཅས་སོ་སོར་ཀངྒ་ར་རྫོང་ནང་ཆགས་པའི་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་བསྟི་གནས་ཁང་དུ་ཚོགས་གནང་ཡོད་པ་དང་། དེའི་སྐབས་རྡ་ས་ས་གནས་འགོ་འཛིན་བརྒྱུད་ཕྱི་ཚེས་ ༢༧ དང་། ༢༨ གཉིས་ལ་ཚེ་མཆོག་གླིང་དང་། ཀིརྟི་དགོན་པའི་དགེ་འདུན་པ་ཁག་ཅིག་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།