དཔལ་ལྡན་ཚོགས་གཞོན་མཆོག་གིས་རང་ཡུལ་ནས་བཙན་བྱོལ་ཞེས་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༧ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་”རང་ཡུལ་ནས་བཙན་བྱོལ།”ཞེས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་བའི་དྲན་གསོའི་སྐོར་གྱི་སྐུ་པར་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་དར་ཚོན་གཅོད་འབྲེགས་ཀྱིས་རང་ཡུལ་ནས་བཙན་བྱོལ་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་ནས་པར་རིས་རྣམས་ལ་གཟིགས་ཞིབ་གནང་རྗེས་གསུང་བཤད་གནང་དོན། བོད་ཀྱི་ལོ་རྒྱུས་ནང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་གནས་བབ་ལ་བལྟས་པ་ཡིན་ན་བློ་ཕམ་པ་དགོས་པ་ཞིག་ཡིན། ང་ཚོ་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་གནང་བའི་ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་མཇལ་ཡོད་རེད། ང་རང་སློབ་གྲྭའི་སྐབས་སུ་སོ་སོ་དངོས་སུ་༸གོང་ས་མཆོག་གི་མཛད་རྣམ་སློབ་སྦྱོང་བྱས་པའི་དུས་དང་། རྗེས་སུ་དགེ་རྒན་བྱས་ནས་མར་སློབ་འཁྲིད་བྱས་པའི་སྐབས། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མི་མང་ལ་གཏམ་བཤད་བྱེད་སྐབས་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ཕོ་བྲང་ནས་རྒྱ་གར་དུ་ཆིབས་སྒྱུར་མ་གནང་གོང་ཐུགས་སྨོན་མཛད་པ་དང་། དེ་བཞིན་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཐུགས་ཐག་གཅོད་རྒྱུ་དེ་དག་ཀློག་པའི་སྐབས་སུ་སེམས་ནང་ཚོར་བ་ཤུགས་ཆེ་དང་སྦྲགས། མིག་ཆུ་ཤོར་བཞིན་འདུག ང་ཚོས་གཙོ་བོ་ཉིན་མོ་དེར་བསམ་བློ་གཏོང་སྐབས་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་ཛ་དྲག་པོ་དང་བློ་ཕམ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད།

འོན་ཀྱང་ལོ་རྒྱུས་དེ་བོད་པར་གསར་པ་གང་ཡང་མ་རེད། ང་ཚོ་ཚང་མས་ཤེས་པ་དང་མཁྱེན་པའི་ཐོག་ནས་ཚོར་བ་རང་བཞིན་གྱི་ཡོང་བཞིན་པ་ཞིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༧ ཉིན་ནོར་གླིང་ཕོ་བྲང་ནས་ཆིབས་སྒྱུར་གནང་སྐབས་ཕེབས་ལམ་དུ་བྱུང་བའི་སྐུ་ངལ་དང་། རྒྱ་ནག་གི་ཉེན་ཁ་རང་བཞིན་གྱི་ཡོང་རྒྱུ་ཞིག་རེད། འོན་ཀྱང་བོད་སྐྱོང་ལྷ་སྲུང་རྣམས་ཀྱི་གྲོགས་འཕྲིན་ལས་དང་། བོད་མིའི་བསོད་ནམས་དང་ལས་དབང་སོགས་ཀྱི་མཐུ་ལ་བརྟེན་ནས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་ས་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་བ་རེད།  དེར་བསམ་བློ་གཏོང་སྐབས་བོད་སྤྱི་པའི་འཐབ་རྩོད་ལ་ཇི་ཙམ་ཤུགས་རྒྱག་དགོས་པ་གལ་ཆེ་ཡིན་པ་དེ་རང་བཞིན་གྱི་ངེས་པ་རྙེད་ཐུབ་པར་བརྟེན་ང་ཚོས་སེམས་ཤུགས་འཕར་མ་སྐྱེ་དགོས་པ་ཞིག་ཆགས་ཡོད།

ལྷག་པར་རྒྱ་གར་ས་མཚམས་མོན་རྟ་དབང་དུ་ཞབས་སོར་འཁོད་པའི་རྗེས་སུ་གཡས་གཡོན་ལ་ཡོད་པའི་ས་གནས་མི་མང་རྣམས་ཀྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བར་ཕེབས་པ་དང་། རྒྱ་གར་ས་མཚམས་ལ་ཞབས་སོར་འཁོད་པ་ནས་མཐའ་མ་མ་སུ་རིར་ཞབས་སོར་མ་འཁོད་བར་དུ་རྒྱ་གར་གཞུང་ནས་སྣེ་ལེན་དང་ཆེ་མཐོང་། གུས་བརྩི་ཆེན་པོ་གནང་ཡོད་པ་རྣམས་དེ་རིང་སྐུ་པར་གྱི་ལམ་ནས་ང་ཚོ་ཚང་མས་མཇལ་རྒྱུ་ཡོད་པ་ཡིན་ཙང་དེ་དག་ཤིན་ཏུ་ནས་གལ་འགངས་ཆེན་པོ་རེད།  ད་ལྟའི་མི་རབས་རྒན་པ་མང་ཆེ་བ་རྫོགས་ཚར་བ་རེད། ང་ཚོ་རྒྱ་གར་ནང་སྐྱེས་པ་ཚོས་ལོ་རྒྱུས་གོ་ཐོས་བྱུང་བ་རྣམས་དངོས་སུ་སྐུ་པར་ཐོག་ནས་མཇལ་ཡོང་དུས་དེ་ཚོ་གནད་འགག་ཆེན་པོ་ཞེ་དྲག་རེད། བྱས་ཙང་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག་ནང་བསྐོར་བསྐྱོད་ཀྱིས་འགྲེམས་སྟོན་བྱེད་པ་ཡིན་ན། མི་རབས་རྒན་པ་ཚོར་དྲན་སྐུལ་དང་གཞོན་པ་ཚོར་དངོས་སུ་ཤེས་རྟོགས་ཆེད་ཐུགས་ཕན་གསོ་བའི་ནུས་པ་ཡོད་རེད་ཅེས་གསུང་བཤད་གནང་གྲུབ་མཚམས་ལས་རིམ་མཇུག་སྒྲིལ་གནང་ཡོད།

པར་རིས་འགྲེམས་སྟོན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་རྒྱ་གར་བཙན་བྱོལ་དུ་ཕེབས་སྐབས་ཀྱི་སྐུ་པར་མི་འདྲ་བ་ཁག་ ༣༣ ཡོད།  །