དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་ས་གནས་ཧིན་རྡིའི་གསར་ཤོག་ Dainik Jagran ནས་གོ་སྒྲིག་ཞུས་པའི་ཁོར་ཡུག་གཙང་བཟོའི་མཛད་རིམ་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༤ ཉིན་རྒྱ་གར་ས་གནས་ཧིན་རྡིའི་གསར་ཤོག་ Dainik Jagran གི་གོ་སྒྲིག་འོག་རྡ་ས་བྷག་སུ་རུ་ས་གནས་ཁོར་ཡུག་གཙང་བཟོའི་ལས་རིམ་ཞིག་གི་ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། རྡ་ས་རྗོང་ལས་ཁུངས་ཀྱི་ Mayor Shri Rajni Vyas མཆོག རྡ་ས་ས་གནས་འགོ་འཛིན། རྡ་ས་ས་གནས་ཡུལ་མི་དང་། རྡ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་ཚོགས་མི་བཅས་ལྷན་འཛོམས་གནང་སྟེ། ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་ནས་གོ་སྒྲིག་གནང་མཁན་གྱི་རེ་སྐུལ་ལྟར། ཧིན་རྡིའི་ཐོག་ཁོར་ཡུག་གཙང་བཟོ་དང་། སོ་སོའི་ངོས་ནས་དུས་རྟག་ཏུ་ཁོར་ཡུག་གཙང་མ་བདག་གཉེར་བྱ་རྒྱུའི་དམ་བཅའ་འཇོག་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་དང་། རྡ་སའི་རྫོང་ལས་ཁུངས་ཀྱི་ Mayor Shri.Rajni Vyas མཆོག་རྣམ་གཉིས་ནས་ཁོར་ཡུག་གཙང་བཟོའི་ལས་རིམ་དབུ་འབྱེད་གནང་།

དེ་རྗེས་བྷག་སུ་ས་གནས་ཉེ་འགྲམ་ཁག་ལ་གཙང་བཟོ་གནང་གྲུབ་མཚམས། Sky Heaven Resort and Restaurant ནང་ཆུ་ཚོད་གཅིག་ཙམ་རིང་དཔལ་ལྡན་ཚོགས་གཞོན་མཆོག་གི་གཙོ་སྐྱོང་འོག་ ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་དགོངས་བཞེད་ལྟར་མེག་གྷན་གཙོས་རྡ་སའི་ས་གནས་ཁག་ལ་དུས་རྟག་ཏུ་ཁོར་ཡུག་གཙང་བཟོ་དགོས་གལ་དང་། ས་གནས་འཛིན་སྐྱོང་ནས་མཐུན་སྦྱོར་གང་དགོས་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད། ཆབས་ཅིག་དཔལ་ལྡན་ཚོགས་གཞོན་མཆོག་ནས་མཇུག་སྐྱོང་ལམ་སྟོན་ཁག་ཅིག་ཀྱང་གནང་བ་མ་ཟད། ལྷག་པར་དུ་ Dainik Jagran གསར་འགོད་པ་རྣམས་པས་དེ་རིང་མཛད་སྒོའི་ཐོག་གདན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ད་བར་གསར་འགྱུར་ཚགས་ཤོག་དེའི་ནང་ ༸ གོང་ས་མཆོག་གི་མཛད་འཕྲིན་ཁག་དང་། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་ཙམ་ཞིག་བཀོད་གནང་བར་ཡི་རངས་བསྔགས་བརྗོད་དང་། ད་དུའང་མུ་མཐུད་བོད་མིའི་འཐབ་རྩོད་དང་འབྲེལ་བའི་གསར་འགྱུར་གང་མང་གང་ཐུབ་བཀོད་གནང་ཡོང་བའི་འབོད་སྐུལ་ཞུས་གནང་རྗེས་ཁོར་ཡུག་གཙང་བཟོའི་ལས་རིམ་མཇུག་སྒྲིལ་བ་བཅས་ཀྱི་གནས་ཚུལ་དུ། །