དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ཉིན་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ལྕམ་སྐུ་ཇེ་ནེཊ་ རཡེ་སི་ (Janet Rice) ལགས་དང་། འཛིན་སྐྱོང་འགན་འཛིན་ཛོ་སྦེཌ་ཕོར་ཌ་ (Zoe Bedford) ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེའི་སྐུ་ཚབ་ཚོགས་ཆུང་ནང་། ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་མངའ་ཁུལ་གྱི་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་ཨེ་མ་ཌེ་ཝིཌ་སོན་ (Emma Davidson, former Member of the Australian Capital Territory Legislative Assembly) ལགས་དང་། ཨོ་གླིང་རི་སྔོན་པོའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཟུར་པ་ས་རཱ་རེཌ་ཤོ་ (Sarah Redshaw) ལགས། མེལ་བྷོན་ནས་ཡིན་པ་ཝིཀ་ཊོ་རཡེ་མངའ་སྡེ་གྲོས་ཚོགས་འཐུས་མིའི་འོས་མི་སྦི་རིཊ་ནི་ ཧེན་ཌར་སོན་ (Brittney Henderson) ལགས། གནས་མཁར་གསར་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སིའོ་བྷན་ཨི་ཤར་ཝུཌ་ (Siobhan Isherwood) ལགས། གནས་མཁར་གསར་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཟུར་པ་མ་ཧི་ཀལ་ཨོ་སི་སྦོན་ (Michael Osborne) ལགས་བཅས་ཕེབས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ད་ལྟ་འགྲོ་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་ནང་བོད་དོན་ཆབ་སྲིད་དང་། སྤྱི་ཚོགས་བདེ་དོན། ཤེས་ཡོན་སོགས་ལ་བགོ་བགྲེམས་གནང་ཕྱོགས་དང་། སྔོན་རྩིས་འཆར་འབུལ་དང་གྲོས་ཚོགས་ནས་བཀའ་འཁྲོལ་ཞུ་ཕྱོགས་ཀྱི་བརྒྱུད་རིམ་སྐོར། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་སྟེ། ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ནས་ཁུར་བཞིན་ཡོད་པ་སོགས་མང་གཙོའི་འཕེལ་རིམ་སྐོར་བཅས་ཀྱི་ཐོག་ལ་ངོ་སྤྲོད་སྙིང་བསྡུས་གནང་སོང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས་ངོ་སྤྲོད་དང་འབྲེལ། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་གྱི་སྐོར་བསྐྱོད་ཀྱི་ལས་འཆར་གོ་སྒྲིག་ཞུས་ཏེ། ཨོ་གླིང་གནད་ཡོད་མི་སྣ་དང་། སྲིད་བྱུས་འདིང་མཁན་སོགས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་སྣེ་འཁྲིད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཁོང་རྣམ་པར་བཙན་བྱོལ་བོད་མིའི་མང་གཙོའི་ལག་བསྟར་བྱེད་བཞིན་པ་དངོས་སུ་མཇལ་རྒྱུ་དང་། གོ་རྟོགས་ཐོབ་རྒྱུའི་གོ་སྐབས་བསྐྲུན་པར་བསྔགས་བརྗོད་ཞུས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་དང་། ཟླ་ ༣ ཚེས་ ༡༨ ཉིན་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པ་དང་། སྐབས་དེར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།