དཔལ་ལྡན་ཚོགས་གཞོན་མཆོག་ཨི་ཊ་ལིའི་རྒྱལ་ས་རཱོམ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ཡུ་རོབ་བོད་རིགས་ཚོགས་པ་ཁག་ཐུན་མོང་ཐོག་འདི་ལོ་ཨི་ཊ་ལིའི་རྒྱལ་ས་རཱོམ་ལ་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༤ སྲུང་བརྩི་ཞུ་གཏན་ཁེལ་བ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ཚེས་ ༩ ཉིན་ཨི་ཊ་ལི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་གི་ནང་ཡུ་རོབ་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣ་དང་། བོད་དོན་རྒྱབ་སྐྱོར་བ། མཁས་དབང་སོགས་གདན་ཞུས་ཀྱིས་གསུང་བཤད་དང་། གསར་འགོད་གསལ་བསྒྲགས་ཀྱི་ལས་རིམ་ཞིག་དང་། ཕྱི་ཚེས་ ༡༠ ཉིན་ “ཡུ་རོབ་བོད་དང་མཉམ་དུ་ཡོད།” ཅེས་པའི་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༣ ཚེས་ ༧ ཉིན་སྔ་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལི་བརྒྱུད་ཨི་ཊ་ལི་རྒྱལ་ས་རཱོམ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཨི་ཊ་ལི་རྒྱལ་ས་རཱོམ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །