དཔལ་ལྡན་ཚོགས་གཞོན་མཆོག་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

 

༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་། དེ་བཞིན་རྒྱ་གར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་ལོ་ངོ་ ༧༥ འཁོར་བའི་ཉིན་མོ་བཅས་སྲུང་བརྩིའི་སླད། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་གྱི་དགོང་མོ་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ཨི་ལི་སི་ཀ་ ཛི་གྷོ་ཝ་ (Dr. Eliska Zigova) མཆོག་དང་། སྐུ་ཞབས་པི་ཊར་ ཛི་གྷ་ (Mr. Petr Ziga) མཆོག་རྣམ་གཉིས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་དང་། དེ་བཞིན་ས་གནས་སུ་གནད་ཡོད་མི་སྣ་མཇལ་འཕྲད་བཅས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༨ ཉིན་སྔ་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ་ས་གནས་སུ་འབྱོར་མཚམས། ལས་རིམ་ཁག་བསྐྱང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །