དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༣༡ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་ལྷོ་ཨ་ཕི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩའི་ (Sivananda World Peace Foundation) ཚོགས་གཙོ་སྐུ་ཞབས་ཨི་ཤི་ཝར་ རམ་ལུ་ཆི་མན་ (Prince Ishwar Ramlutchman) ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཇི་ལྟར་མང་གཙོ་གསོལ་སྩལ་གནང་བ་ནས་བཟུང་། རིམ་པས་སྐབས་དུས་སོ་སོར་མང་གཙོའི་འཕེལ་རིམ་ཐོག་བསྒྱུར་བ་ཇི་བྱུང་སྐོར་ངོ་སྤྲོད། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་མ་བྱས་སྔོན་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་སྐོར་དང་། ཕྱི་ཟླ་ ༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གི་མདུན་དུ་ “བོད་དོན་དཀའ་རྙོག་སེལ་ཐབས་སུ་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་གནང་ཡོད་པ་དང་། དེའི་སྐབས་རྒྱལ་སྤྱིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་མེ་ཀལ་ ཝན་ ཝལ་ཊ་ པཱ་རག་ (Michael Van Walt) ལགས་དང་། ལོ་རྒྱུས་རིག་པའི་སློབ་དཔོན་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས་རྣམ་གཉིས་ཀྱིས་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་སྐོར་གསུངས་གནང་ཡོད་སྐོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བྱམས་བརྩེ་དང་། ཞི་བདེ་བསྐྲུན་ཐབས་དང་། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ལ་ད་བར་སྐུ་ངལ་བསྐྱོན་པ་རྣམས་ནི་འཛམ་གླིང་མི་མང་ཚང་མས་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་པའི་སྐོར། དེ་བཞིན་ལྷོ་ཨ་ཕི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩའི་ལས་དོན་ཁག་ལ་བསྔགས་བརྗོད་དང་། ཚོགས་པའི་ངོས་ནས་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་རྒྱུ་དང་། ཆེ་བསྟོད་ཀྱི་རིག་གཞུང་ལས་རིམ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པར་དགའ་བསུ་ཞུས་གནང་སོང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ལ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕྱག་རྟགས་སུ་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས། །