དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༢༢ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་ (Shri.Sonam Lama, Minister of Rural Management & Development, Panchayati Raj & Cooperative and Ecclesiastical Affairs, Sikkim) མཆོག་དང་ལྷན་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་ཐོག་མར་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཕུལ་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་གར་བྱང་ཤར་ཁུལ་ལ་བོད་ཀྱི་ཁོར་ཡུག་གི་གལ་གནད། མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་ཐོག་གླེང་སློང་དང་། བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་འཇོག་གནང་ཡོང་བའི་རེ་སྐུལ་དང་། དེ་བཞིན་ས་གནས་བོད་མིའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་ཁག་ཅིག་ཐོག་རོགས་རམ་གནང་སྐྱོང་ཡོང་བ་བཅས་ཞུས་པར། བློན་ཆེན་མཆོག་གིས་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ད་རེས་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་སོང་།

མཇལ་འཕྲད་སྐབས་སྒང་ཏོག་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་དང་། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། སྒང་ཏོག་ས་འཐུས་ཆུང་ཆུང་ལགས་བཅས་མཉམ་བཅར་ཞུས་ཡོད་པ་བཅས། །