དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཤིང་ནགས་བློན་ཆེན་མཆོག་མཇལ་འཕྲད་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ས་འཐུས་ཟབ་སྦྱོང་གནང་རྒྱུའི་སླད་ཕེབས་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཤིང་ནགས་དང་། ཁོར་ཡུག་བློན་ཆེན་ཀརྨ་བློ་ལྡན་བྷོཊ་ཡ་ (Shri. Karma Loday Bhutia Hon’ble Minister Forest and Environment, Governent of Sikkim) མཆོག་གི་གཟིམ་ཤག་ཏུ་ཁོང་དང་ལྷན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་ཐོག་མར་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། ས་གནས་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་པར། བློན་ཆེན་མཆོག་གིས་ས་གནས་བོད་མིའི་དཀའ་ངལ་རྣམས་ཡིག་ཐོག་འབུལ་དགོས་པའི་ལམ་སྟོན་གནང་བ་མ་ཟད། མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་སོང་། གཞན་ཡང་བློན་ཆེན་མཆོག་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་པ་སོགས་ཆུ་ཚོད་ཕྱེད་ཀའི་རིང་ཕན་ཚུན་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་སོང་།

ཐེངས་འདིའི་མཇལ་འཕྲད་ཐོག་སྒང་ཏོག་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་དང་། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། ས་འཐུས་ཟུར་པ་ཚེ་རིང་སྟོབས་རྒྱལ་ལགས་བཅས་ནས་མཇལ་འཕྲད་སྐབས་ལྷན་བཅར་ཞུས་ཡོད་པ་བཅས། །