དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་སོགས་དང་མཇལ་འཕྲད་གནང་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ས་འཐུས་ཟབ་སྦྱོང་གནང་རྒྱུའི་སླད་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༡༨ ཉིན་སྔ་དྲོ་འབྲས་ལྗོངས་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཤེས་རིག་བློན་ཆེན་ཀུན་དགའ་ཉི་མ་ལེབ་ཆ་ (Shri. Kunga Nima Lepcha) མཆོག་དང་ལྷན་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་དང་། ལྷག་པར་དུ་འབྲས་ལྗོངས་མངའ་སྡེའི་གཞུང་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཕུལ་གནང་སོང་།

གཞན་ཡང་སྐབས་དེར་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨོ་ཊི་ལེབ་ཆ་ (Shri.O.T. Lepcha) མཆོག་དང་། མངའ་སྡེའི་བློན་ཆེན་ཟུར་པ་བསོད་ནམས་རྡོ་རྗེ་བྷོ་ཊི་ཡ་ (Shri. Sonam Dorjee Bhutia) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ནོར་བཟང་ལེབ་ཆ་ (Shri. Norzang Lepcha) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ཀུན་དགའ་བཟང་པོ་ (Shri. Kunga Zangpo) མཆོག མངའ་སྡེའི་བློན་ཆེན་ཟུར་པ་སྐུ་བས་རཱན་བྷ་ཌིར་སུ་བྷ་ (Shri. Ran BdrSubba) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ཨར་ཇུན་ཀུ་མར་གྷ་ཊ་ནེ་ (Shri. Arjun Kumar Gataney) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ནམ་མཁའ་རྒྱལ་མཚན་ (Shri. Namkha Gyaltsen) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨེམ་པར་སེ་ཐ་ཤར་མ་ (Shri. Am Prasad Sharma) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཊི་མུ་ཐི་ བྷ་ས་ནེ་ཊི་ (Shri. Timothy Basnet) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཤཱམ་ པར་དྷན་ (Shri. Shyam Pradhan) མཆོག་སོགས་ཤེས་རིག་བློན་ཆེན་ལས་ཁུངས་སུ་ཆེད་ཕེབས་གནང་ཡོད་པ་དང་བསྟུན། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་སོང་།

​མཇལ་འཕྲད་སྐབས་སྒང་ཏོག་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་དང་། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དཔལ་ལགས་བཅས་མཉམ་བཅར་ཞུས་ཡོད་པ་བཅས། །