དཔལ་ལྡན་ཚོགས་གཞོན་མཆོག་ནང་པའི་བསྐྱོད་ལམ་དང་འཛམ་གླིང་ཞི་བདེའི་སྨོན་ལམ་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ།

 

IMG20160616143221

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༡༢།༠༠ ཙམ་ལ་ཧི་མ་ལ་ཡའི་ཁྱིམ་ཚང་ Himalaya Pariwar ཚོགས་པ་ནས་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པ་ RSS ཡན་ལག་ལས་ཁུངས་ཀྱི་མདུན་ཐང་དུ་ནང་པའི་བསྐྱོད་ལམ་དང་འཛམ་གླིང་ཞི་བདེ་འབྱུང་ཆེད་ཀྱི་གསོལ་འདེབས་ཀྱི་སྦྱིན་སྲེག་མཛད་སྒོ་ཞིག་གོ་སྒྲིག་ཞུས་པ་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་སྔར་ནས་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་བཞིན་ཕེབས། དེ་ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་དུ་རྒྱ་གར་རྒྱལ་ཡོངས་དང་ཞབས་ཞུ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Indresh མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། དགུ་བཅུ་གསུམ་ལས་འགུལ་ཁང་གི་སྐུ་ཚབ། ཀིརྟི་དགོན་པའི་སྐུ་ཚབ། བཙུན་དགོན་དགའ་ལྡན་ཆོས་གླིང་གི་སྐུ་ཚབ་དང་། རྒྱ་གར་མངའ་སྡེ་བཅུ་ཙམ་ནས་ཕེབས་པའི་འཐུས་མི། དེ་བཞིན་གསར་འགོད་པ་བཅས་འཛོམས་པའི་ཐོག་མར། རྡ་ས་ས་གནས་འགོ་འཛིན་དང་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་རྗེས། རྡ་ས་ས་གནས་འགོ་འཛིན་དང་ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་ཚོགས་མི་ཁག་གཅིག་གིས་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Indresh མཆོག་ནས་གསུང་བཤད་གནང་དོན། བོད་དེ་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་གར་ལ་གྱོང་གུན་ཆེན་པོ་བྱུང་བ་མ་ཟད། ས་མཚམས་དང་ཁོར་ཡུག་དེ་བཞིན་ཧི་མ་ལ་ཡའི་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་བྱུང་ཡོད། དེ་འདྲ་སོང་ཙང་རྒྱ་གར་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཡག་དེ་གནད་འགག་ཆགས་ཡོད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་ལམ་དབུ་མའི་ཐོག་ལ་རྒྱ་ནག་གཞུང་ནས་བསམ་ཤེས་བྱེད་དགོས་ངེས་དང་། རྒྱ་གར་གྱི་ཆོས་ལུགས་ཡོངས་རྫོགས་སོ་སོའི་ངོས་ནས་དམིགས་བསལ་གྱི་དུས་སྟོན་ཅིག་ཐོག་རྒྱ་ནག་གི་དངོས་ཆས་བེད་སྤྱོད་མི་བྱེད་རྒྱུའི་ལས་འགུལ་སྤེལ་དགོས་པ་སོགས་ཡང་ཡང་ཞུས་ཡོད་པ་གསུངས། དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་དོན། ཧི་མ་ཅལ་མངའ་སྡེའི་ཧི་མ་ལ་ཡའི་ཁྱིམ་ཚང་དང་། ལྷག་པར་རྡ་ས་ཡན་ལག་ཧི་མ་ལ་ཡའི་ཁྱིམ་ཚང་གི་འབྲེལ་ཡོད་རྣམ་པས་འདས་པའི་ལོ་མང་རིང་ནས་ཕལ་ཆེར་ལས་རིམ་འདི་འདྲ་གོ་སྒྲིག་ཞུ་བཞིན་ཡོད་འདུག ད་རིང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པས་འདས་པའི་ལོ་མང་རིང་ནས་ཕལ་ཆེར་ལས་རིམ་འདི་འདྲར་ཕེབས་ཞུ་བཞིན་ཡོད་འདུག སྐུ་མགྲོན་རྣམ་པ་ཡོངས་ལ་ང་རང་སྒེར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

IMG_2256
སྐུ་ཞབས་ Indresh མཆོག་ནི་སྤྱི་ཚོགས་འདིའི་ཐོག་མི་ཚེ་ཧྲིལ་པོ་གླ་ཕོགས་མེད་པའི་ཐོག་ནས་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༩༧ ནས་ང་ཚོ་དང་མཉམ་དུ་བོད་ཀྱི་རྩ་དོན་དང་བོད་མི་རིགས། ༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ཐོག་གང་འདྲ་གནང་དགོས་ཀྱི་འདུག་སྙམ་པའི་དགོངས་གཞི་ཡོད་མཁན་ཞིག་རེད། ཕྱི་མི་ཞིག་གིས་ཁུར་བླངས་ནས་དེ་རིང་འདིར་སྤྱིན་སྲེག་གི་ཆོ་ག་ལག་བསྟར་གནང་བཞིན་ཡོད། དེ་ཡང་སྤྱིན་སྲེག་ཆོ་ག་འདིའི་དམིགས་ཡུལ་གཙོ་བོ་ནང་པའི་བསྐྱོད་ལམ་དང་འཛམ་གླིང་ཞི་བདེའི་སླད་བོད་དོན་བདེན་མཐའ་གསལ་ཆེད་ཡིན། བོད་དང་ཧི་མ་ལ་ཡའི་ཁུལ་དུ་ནང་ཆོས་དར་སྟངས་སྐོར་དཔེ་དེབ་སྟོང་ཕྲག་མང་པོ་ཡོད། སྤྱི་ནོར་༸གོང་ས་མཆོག་གིས་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུ་དེ་ཆོས་པ་ཙམ་མ་ཡིན་པར་སྤྱི་ཡོངས་ཀྱིས་དོ་སྣང་བྱེད་དགོས་པ་དང་། བཀའ་འགྱུར་དང་བསྟན་འགྱུར་ལ་སྐྱབས་སུ་མཆི་ཞེས་མཆོད་པ་འབུལ་བ་ཙམ་གྱིས་འགྲིག་གི་མེད། བཀའ་འགྱུར་བསྟན་འགྱུར་ལ་སློབ་གཉེར་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཡང་ཡང་བཀའ་སློབ་སྩལ་ཡོད། གལ་ཏེ་ང་ཚོས་ནང་བསྟན་སྲུང་སྐྱོབ་བྱས་པ་ཡིན་ན། ཧི་མ་ལ་ཡ་གནས་ཀྱི་རེད། ཧི་མ་ལ་ཡ་སྲུང་སྐྱོབ་ཆེད་ཧི་མ་ལ་ཡའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས། ཞེས་བཀའ་སློབ་སྩལ་གནང་ཡོད་པའི་གནས་ཚུལ་དུ།།