དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།

img_5554

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་དེ་ཉིན་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཡོད། ཐེངས་འདིའི་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ལྦིལ་རེ་ཊི་མཆོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་སློབ་སྟོན་པ་བློ་བཟང་ཕུན་ཚོགས་མཆོག ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་མི་མང་བཅས་ལྷན་འཛོམས་གནང་། མཛད་སྒོའི་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་ཞལ་འབྱེད་གྲུབ་བསྟུན་སྐུ་མགྲོན་དང་མི་མང་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། བོད་དོན་ཆེད་དུ་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་མཁན་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ཡིད་ལ་དྲན་བཞིན་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་ཀྱི་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲ་རྒྱ་གསར་པ་དབུ་འབྱེད་གནང་དེ་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་། མཛད་རིམ་ནང་གསལ་ལྟར་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་ཕྱག་ནས་དམིགས་བསལ་སྐུ་མགྲོན་ལྦིལ་ཕེ་རེ་ཊི་མཆོག་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་སློབ་སྟོན་པ་བློ་བཟང་ཕུན་ཚོགས་མཆོག་རྣམ་གཉིས་ལ་ལེགས་སོའི་ཕྱག་རྟགས་ཕུལ། མཛད་རིམ་མུ་མཐུད་ཐོག་སྐུ་མགྲོན་རྣམ་པས་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གསུངས་དོན། ད་རིང་གི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་གནང་བའི་སྐུ་མགྲོན་རྣམ་པ་ཡོངས་ལ་ངས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཕྲན་ལ་མགྲོན་འབོད་གནང་པ་ལྟར་འདི་གར་གཞུང་འབྲེལ་ཐོག་ནས་བཅར་ཐུབ་པ་ལ་དགའ་ཚོར་ཆེ། འོན་ཀྱང་དྲ་རྒྱ་དབུ་འབྱེད་ཀྱི་མཛད་རིམ་ཡིན་པས་ངས་དམིགས་བསལ་ཞུ་ཡག་དེ་འདྲ་གང་ཡང་མེད། དྲ་རྒྱ་ཞེས་པའི་གོ་དོན་ནི་ལས་དོན་གྲུབ་འབྲས་འདོན་ས་ཞིག་ཡིན་པས་ཚང་མས་དྲ་རྒྱའི་ནང་གནས་ཚུལ་གསལ་པོ་དང་། གཞན་གྱི་མཐོང་འདོད་པོ། ཀློག་འདོད་པོ། དྲ་རྒྱ་དེ་ཉིད་ཚད་ལྡན་དང་ཚགས་འཚུད་རྒྱུན་གནས་ཐུབ་པ་དགོས་ཡག་བཅས་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་ལ། ཡང་དྲ་རྒྱ་ནང་གནས་ཚུལ་ཡོད་པ་ཙམ་གྱི་ནམ་རྒྱུན་ལྟར་ཡིག་ཐོག་འཇོག་མི་དགོས་པར་བསམ་ན་མི་འགྲིགས། དྲ་རྒྱ་གློག་ཀླད་དང་འབྲེལ་བ་ཡོད་སྟབས་སྐབས་རེ་བལྟ་མི་ཐུབ་པའི་དུས་སུ་ཤོག་ཐོག་ལ་ཡང་འཇོག་དགོས་པ་གལ་ཆེན་པོ་ཡིན། ལྷག་པར་དུ་དྲ་རྒྱ་འདི་རིགས་གཞིས་བཞུགས་བོད་མི་ཚོས་གཟིགས་ན་སྙིང་སྟོབས་སྤེལ་ཐུབ་པ་སོགས་གསུངས། ཨིན་སྐད་ཐོག་ནས་དཔལ་ལྡན་ཚོགས་གཞོན་མཆོག་གི་དམིགས་བསལ་སྐུ་མགྲོན་ལྦི་ཕེ་རེ་ཊི་མཆོག་གིས་དེ་སྔ་ནས་ད་བར་བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ཕྱག་ལས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ཀརྨ་གཡང་སྒྲུབ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་བའི་གནས་ཚུལ་དུ།།

img_5526