དཔལ་ལྡན་ཚོགས་གཞོན་མཆོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་པ།

IMG_2530

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༢ སྔ་དྲོ་རྡ་ས་ནོར་བུ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཡན་ལག་གི་འགན་འཁུར་འོག་བོད་དོན་རྒྱབ་སྐྱོར་བ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག ལྷག་པར་ཆབ་སྲིད་བཙོན་ཟུར་རྣམས་གདན་ཞུས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ཡི་བཙོན་ཁང་ནང་སྐུ་གཤེགས་ནས་ལོ་འཁོར་གཅིག་སོང་བའི་རྗེས་དྲན་ཉིན་མོ་དང་སྟབས་བསྟུན་ནས་བོད་ཀྱི་དཔའ་བོ་ཉིན་མོ་ཞེས་རྗེས་དྲན་སྲུང་བརྩིའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཏེ་གསུང་བཤད་གནང་སྐབས་ཁོང་གི་གཞུང་འབྲེལ་གྱི་རྒྱལ་སྤྱིའི་དཔའ་བོ་ཉིན་མོ་ནི་ཟླ་ ༣ པའི་ཚེས་ ༡༠ ཉིན་མོ་དེར་གཞུང་འབྲེལ་གཏན་འཁེལ་གྱིས་འཛམ་གླིང་ཁྱོན་ཡོངས་ནང་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། རྒྱལ་གཅེས་དཔའ་བོ་བྱེ་བྲག་པ་སོ་སོར་རྗེས་དྲན་དང་གུས་བརྩི་ཞུ་རྒྱུ་དེ་ཡང་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྟབས། དེ་རིང་རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་རྗེས་དྲན་ཉིན་མོར་ང་རང་ཚོ་ཚང་མས་རྗེས་དྲན་ཙམ་མིན་པར་དོན་དངོས་ཐོག་ཁོང་དང་ཁོང་འདྲ་བའི་རྒྱལ་གཅེས་དཔའ་བོ་རྣམ་པའི་རེ་བ་ཡིད་ཆེས་གང་ཡོད་པ་རྣམས་ཕྱག་བསྟར་ངེས་པར་འཁེལ་ཐབས་བྱ་གལ་དང་། བོད་དོན་ཐོག་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་དེ་ཡི་ཐོག་ཚང་མས་མཉམ་རུབ་ངང་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེ་པོ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་ནས་བཙོན་འོག་ཏུ་ཡོད་པའི་དཔའ་མོ་ཡེ་ཤེས་ཆོས་སྒྲོན་ལགས་ལ་དཔའ་བོའི་གཟེངས་རྟགས་སྐུ་མགྲོན་གཙོ་བོ་མཆོག་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བརྒྱུད་ཕུལ་ཏེ་མཐའ་མར་ལས་འགུལ་གོ་སྒྲིག་ཞུ་མཁན་རྣམས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད་པ་དང་། མུ་མཐུད་དེ་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་ཞུ་གནང་ཡོད་པའི་གནས་ཚུལ་དུ།།