དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་གསུམ་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷེན་ ཁར་ཌིན་ (Senator Ben Cardin) མཆོག་གི་ཕྱི་སྲིད་སློབ་སྟོན་པ་རྒན་པ་སྐུ་ཞབས་ཊོམ་ མི་ལི་ཡ་ (Tom Melia) ལགས་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མི་ཊི་ རོམ་ནེ་ (Senator Mitt Romney) མཆོག་གི་རྒྱལ་སྲུང་སློབ་སྟོན་པ་ལྕམ་སྐུ་མེ་གྷན་ རེ་སི་ (Megan Reiss) ལགས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇོ་ནི་ ཨན་སི་ཊི་(Senator Joni Ernst) མཆོག་གི་ཕྱི་སྲིད་ཕྱག་རོགས་སྐུ་ཞབས་ཨེ་ཌམ་ ཀོ་ཛི་ལོ་སི་ཀི་ (Adam Kozloski) ལགས་བཅས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་གསུམ་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་ངོ་སྤྲོད་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ནས་ད་བར་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་ཁག་མང་པོ་ཞིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟ་འགྲོ་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Conflict Act) དེ་བཞིན་ཁྲིམས་སུ་གཏན་འབེབས་ཡོང་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་རྣམ་པའི་ངོས་ནས་གང་ཐུབ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།

གཞན་ཡང་ཁོང་རྣམ་པས་བོད་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོག་དྲི་བ་ཕུལ་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་སོང་།

མཇལ་འཕྲད་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །