དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པས་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་ལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་བ།

༄༅། ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་ལ་གཞུང་འབྲེལ་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༥ ཉིན་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གྲོང་ཁྱེར་ནིའུ་ཡོག་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷ་དབང་ལགས་གཙོས་པའི་རྒྱུན་ལས་རྣམ་པས་སྣེ་ལེན་དང་། ཚོགས་པའི་ངོས་ནས་ཉིན་གུང་གསོལ་ཚིགས་ཞིག་འདེགས་འབུལ་ཞུས་གནང་ཡོད།

ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་གཙོས་པའི་ཕྱོགས་ཕེབས་སྤྱི་འཐུས་རྣམ་པས་ས་གནས་བོད་རིགས་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་ལ་གནས་སྡོད་བོད་མི་མང་ཚོགས་རྣམས་ལ་ཐུག་འཕྲད་གནང་ཞིང་། སྐབས་དེར་ས་གནས་སྐྱིད་སྡུག་ཁག་གི་ཚོགས་གཙོ་སོགས་ནས་སྣེ་ལེན་དང་། དེ་རྗེས་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷ་དབང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚང་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་རང་ས་ཤོར་ཏེ་རྒྱ་གར་དང་། ཨ་རི་སོགས་མིའི་ལུང་པར་ཚགས་ཚུད་པོའི་ཐོག་བསྡད་ཐུབ་པ་དེ། ཐུད་ཞིམ་པ་མར་གྱི་བཀའ་དྲིན་ཞེས་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་དང་། དེ་ཡང་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་བསྐྱོན་ནས་རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ཐོག་རྨང་གཞི་བཏིང་བ་རྣམས་ད་ཆ་འོས་བསྡུ་བྱས་པའི་དབུ་ཁྲིད་ནས་མཇུག་སྐྱོང་གནང་དགོས་པ་དང་། དབུ་ཁྲིད་ཚོར་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་རྟེན་དགོས་ཀྱི་ཡོད་རེད། དབུ་ཁྲིད་དེ་ཕྱོགས་གཅིག་ལ་ཕྱིན། མི་མང་དེ་ཕྱོགས་གཞན་ཞིག་ལ་ཕྱིན་པ་ཡིན་ན་ང་ཚོ་མཉམ་རུབ་ཀྱི་ནུས་པ་ཡོང་གི་ཡོད་མ་རེད། ད་ལྟ་གོང་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞེས་བཀའ་གནང་སོང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཡིན་ཟེར་ནས་ཚོགས་འདུ་འདྲ་ཞིག་ཚོགས། གཟེངས་རྟགས་ཤིག་ཕུལ་བ་ཙམ་མ་ཡིན་པར། སོ་སོའི་ཉིན་རེའི་བསམ་བློ་གཏོང་སྟངས་དེ། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལ་འགྲོ་ཡི་ཡོད་མེད་སོ་སོས་དཔྱད་པ་བྱེད་དགོས་པ་གལ་ཆེན་པོ་རེད། སོ་སོའི་ངོས་ནས་སྤྱི་ཚོགས་ལ་འགན་ཁྱེར་སྟངས་དང་། སྐད་ཆ་ཤོད་སྟངས། མཐུན་ལམ་གནང་སྟངས། བོད་མི་རིགས་ཀྱི་གཅིག་སྒྲིལ་ཐོག་ལ་ནུས་པ་ཇི་ཙམ་སྤུངས་ཡོད་པའི་ཐོག་དཔྱད་པ་བྱས་པའི་ཐོག་ནས་སྤྱི་ཚོགས་འགྱུར་བ་འགྲོ་རྒྱུར་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། སོ་སོ་ཡང་དག་པ་ཡིན་པ་དང་།

གཞན་ལ་སྐྱོན་རྐྱང་རྐྱང་བཤད་བསྡད་ན་སྤྱི་ཚོགས་ཡར་རྒྱས་འགྲོ་ཡི་མ་རེད། དེ་ཡིན་དུས་ཕྱག་ལས་གང་གནང་གི་ཡོད་ཀྱང་། འཐབ་རྩོད་བྱེད་མཁན་གྱི་མི་རིགས་ལ་གཅིག་སྒྲིལ་གྱི་ནུས་པ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་རེད། སོ་སོས་སྐད་ཆ་གང་བཤད་པ་དང་། ལས་ཀ་གང་བྱས་པ་དེས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དུ་འགྲོ་ཡི་འདུག་གམ་ཡང་ན་ཞབས་འདྲེན་མཁན་ལ་འགྲོ་ཡི་འདུག་མི་འདུག་དཔྱད་པ་བྱེད་དགོས་རེད། ལས་ཀ་བྱས་ཚར་བའི་རྗེས་ལ་འགྱོད་པ་སྐྱེས་ན་ཕྱི་དྲག་ཚར་བ་རེད། དེང་སང་སྤྱི་ཚོགས་དྲྭ་ལམ་གྱི་དུས་ཚོད་རེད། ཧ་ཅང་གི་འཁྲུག་ཆ་དོད་པོ་རེད། སྤྱི་ཚོགས་དྲྭ་ལམ་ཀྱི་བེད་སྤྱོད་དེ་ང་ཚོའི་མཐུན་སྒྲིལ་སྲུང་སྐྱོབ་བྱ་རྒྱུར་བེད་སྤྱོད་གཏོང་གི་ཡིན་ནམ་ཡང་ན་གཅིག་སྒྲིལ་གཏོར་བཤིག་གཏོང་རྒྱུར་བེད་སྤྱོད་གཏོང་གི་ཡིན་པ་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། སྤྱི་ཚོགས་དྲྭ་ལམ་ནང་གང་བྱུང་ཤོད་མཁན་གཅིག་པུར་རག་ལུས་ཀྱི་ཡོད་མ་རེད། དེ་གོང་སྤེལ་གཏོང་མཁན་ལའང་རག་ལུས་ཀྱི་ཡོད། དེ་ཡིན་དུས་ངེས་པར་དུ་ལས་ཀ་གང་བྱས་ནའང་། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་བསྒྲུབ་རྒྱུའི་ཐོག་ལ་འགྲོ་ཡི་ཡོད་དམ་ཡང་ན། ཐུགས་ཕམ་ཡོང་རྒྱུའི་རྒྱུར་འགྲོ་ཡི་ཡོད་པ་སོ་སོས་དཔྱད་པ་བྱས་ནས་སྒོ་གསུམ་གྱི་སྤྱོད་པ་བཅུན་དགོས་པའི་དུས་ཚོད་ཅིག་སླེབས་འདུག ང་ཚོ་ཚང་མས་དེའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག གཉིས་པ་དེར་རྡོ་ཆེན་པོའི་སྒང་ལ་ཁ་བ་ཆེན་པོ་བབས་ཞེས་བཤད་པ་ལྟར། བོད་མི་རིགས་ཀྱི་འཐབ་རྩོད་ཐོག་ལ་དབང་ཆ་ཡོད་པ་རྣམས་ཀྱི་འགོ་ཁྲིད་ཚོར་དབང་ཆར་གཞིགས་པའི་འགན་ཆེ་བ་ཡོད་པ་དང་། དེ་བཞིན་མང་ཚོགས་རྣམས་ལའང་བོད་ཀྱི་འཐབ་རྩོད་ཐོག་ལ་སོ་སོར་འཁྲི་བའི་ལས་འགན་ཡོད་པ་རེད། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་དེ་རྒྱུན་སྐྱོང་ཐུབ་དགོས་ན། ཕྲུ་གུ་སྐྱེ་བསྲིང་ཡག་པོ་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་རྗེས།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་ད་རེས་ཨ་རིར་ཡོང་དོན་གཙོ་བོ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་བསྐོང་ཚོགས་གནང་ཡོད་པ་དེའི་ཆེད་དུ་ཡིན་པ་དང་། སྔོན་མའི་ལམ་ལུགས་འདྲ་ཡིན་ན། སྤྱི་འཐུས་དེ་འདྲ་མང་པོ་ཞིག་ཕེབས་པ་ཡིན་ན། ཚོགས་གཙོས་སྣེ་གཅིག་ཁྲིད་པ་དང་། ཚོགས་གཞོན་ནས་སྣེ་གཞན་ཞིག་ཁྲིད་དེ་རྒྱལ་ཁབ་ཁག་ཁ་ཤས་ནང་བཅར་རྒྱུའི་ལམ་ལུགས་ཡོད་པ་དང་། ད་རེས་ཨ་རིར་སླེབས་ཡོང་དུས། རྒྱལ་ཁབ་གཞན་ཞིག་ལ་འགྲོ་རྒྱུ་ཁག་པོ་ཆགས་བསྡད་དུས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཡོད་པའི་བོད་རིགས་རྣམས་ཐུག་འཕྲད་དང་། དེ་རྗེས་ནིའུ་ཡོག་ཁུལ་ལ་གནས་སྡོད་བོད་རིགས་མང་ཚོགས་རྣམས་གཅིག་ཐུག་ན་ཟེར་ནས། ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ནས་ཚུར་འབྲེལ་བ་གནང་བ་དང་། དེ་བཞིན་ནིའུ་ཡོག་དང་། ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པའི་མཐུན་འགྱུར་དང་གོ་སྒྲིག་འོག དེ་རིང་ང་ཚོ་ལྷན་འཛོམས་བྱུང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། དེ་ལྟར་ལྷན་འཛོམས་ཡོང་དགོས་པ་དེ། གཅིག་ནས་བོད་མིའི་སྒྲིག་འཛུགས་དང་། མི་མང་དབར་བློ་ཉེ་པོ་ཡོང་རྒྱུ་དང་། དེ་བཞིན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་གསལ་ཁ་ཡོང་རྒྱུ། མང་ཚོགས་ཀྱི་དོགས་འདྲི་ཡོད་པ་རྣམས་གོ་བསྡུར་སྦྱངས་བཤད་ཀྱི་ཐོག་ནས་ལེགས་སྤེལ་ཉེས་འགོག་ཡོང་རྒྱུའི་ཐུགས་ཕན་གསོ་རྒྱུའི་ཆེད་དུ་ཡིན་པ་དང་། གཉིས་ནས་ང་ཚོའི་ལས་དོན་གང་བྱས་པ་ཡིན་ནའང་རྒྱ་ཆེའི་མང་ཚོགས་རྣམས་ལ་མཁྱེན་རྟོགས་ཆེད་ལས་བསྡོམས་འབུལ་རྒྱུ་ལྟ་བུ་ཡིན།

ད་རེས་ངས་གཙོ་བོ་ཞུ་རྒྱུ་དེ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་ཀྱི་གྲོས་གཞི་དང་གནད་དོན་སོགས་འབྲེལ་བའི་ཐོག་ཚིག་ཁ་ཤས་ཞུས་ན་བསམ་སོང་། དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཉིན་གཉིས་རིང་ཚོགས་ཤིང་། ཚོགས་གཙོ་སྦྲེལ་པོ་གཙོས་པའི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་སྔོན་འགྲོའི་གྲ་སྒྲིག་ཚུལ་དུ་བདུན་ཕྲག་གཅིག་སྔོན་ལ་བཅར་བ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་མཐུན་འགྱུར་ཐོག་ང་ཚོས་ལས་དོན་མང་པོ་ཞིག་གི་ཐོག་དཀའ་ལས་བརྒྱབ་ཡོད་རེད། ཚོགས་ཆེན་དབུ་འབྱེད་མཛད་སྒོ་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ (Senate Dirksen Building, Capitol Hill) ནང་ཚོགས་ཐུབ་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཆེད་མངགས་ཕེབས་ཏེ་གསུང་བཤད་གནང་བ། དུས་རྒྱུན་དུ་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གྷེར་ (Richard Gere) ལགས། ང་ཚོར་འབྲེལ་བ་ཡོད་མཁན་ཌི་སི་ཁུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་བཅས་ཀྱིས་གསུང་བཤད་གནང་སྟེ་ཚོགས་འདུ་དབུ་འཛུགས་གནང་བ་དང་། སྐབས་དེར་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལོ་ངོ་ ༣༠ ལྷག་ཐུགས་འདྲིས་བྱུང་བ། མ་འོངས་པར་ཨ་རིའི་གཞུང་དང་མི་མང་ནས་བཟང་སྤྱོད་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པ། རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་དྲག་གནོན་བྱེད་བཞིན་པ་དེ་བཞིན་ནོར་འཁྲུལ་ཡིན་པ་སོགས་ཁ་གསལ་པོ་བྱས་ནས་གསུངས་སོང་། རྒྱ་ནག་གཞུང་ཡིན་ནའང་ཏན་ཏན་གོ་བརྡ་འཕྲོད་སོང་བསམ་གྱི་ཡོད།  ཨ་རིའི་ནང་བཞུགས་མཁན་བོད་མི་མང་ཚོགས་ཚོས་མ་འོངས་པར་བོད་དོན་ཞུ་སྐུལ་མཚོན་པའི་བོད་དོན་ཐོག་ཕྱག་ལས་གང་གནང་བ་ཡིན་ནའང་ལུང་འདྲེན་བྱ་རྒྱུ་ཡོད་པ་འདྲ་པོ་ཆགས་པ་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཕེབས་ནས་གསུང་བཤད་དེ་འདྲ་ཞིག་གནང་ཡོད་རེད་ཅེས་ལུང་འདྲེན་བྱ་རྒྱུ་ཡོད་པ་དང་། མ་འོངས་པའི་མི་རབས་ཚོར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུར་བློ་སྟོབས་སྐྱེ་སའི་གཞི་འདྲ་པོ་ཞིག་ཆགས་སོང་བསམ་གྱི་འདུག ཐོག་མའི་ང་ཚོའི་དམིགས་ཡུལ་ལས་བརྒལ་བ་འདྲ་པོ་ཞིག་ཆགས་ཡོད་རེད། ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་ “ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ལས་དོན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་བཞིན་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ནང་བོད་དོན་ཐོག་ལས་དོན་སྤེལ་ཕྱོགས་སྐོར་ལ་དགོངས་ཚུལ་དང་བཀའ་བསྡུར་གནང་རྒྱུའི་ལས་རིམ་ཞིག་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གལ་གནད། བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་དབར་ཕན་ཚུན་ཉམས་མྱོང་སྤེལ་རེས་གནང་སྟེ་མཉམ་ལས་དང་། འབྲེལ་མཐུད། ལག་བསྟར་འཆར་གཞི། བོད་ཀྱི་ངོ་བོ་ངོས་འཛིན་གནང་ཕྱོགས། ལྷག་པར་དུ་རྒྱ་ནག་དམར་ཤོག་འོག་དཀའ་ངལ་མྱངས་དང་མྱོང་བཞིན་པའི་ཧོང་ཀོང་དང་། ནང་སོག། ཡུ་གུར། ཐེ་ཝན་སོགས་ཀྱི་སྐུ་ཚབ་དང་ལྷན་ “ཐུན་མོང་གི་དཀའ་ངལ་ཐོག་མཉམ་རུབ་ཀྱིས་གདོང་ལེན་གནང་ཕྱོགས།” ཞེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུའི་སྡིངས་ཆ་བསྐྲུན་པ་ལྟར་ཁོང་རྣམ་པས་བགྲོ་གླེང་ཆ་ཤས་གང་ལེགས་བཞེས་གནང་བ་དང་། ལྷག་པར་དུ་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་ལྷོ་ཨ་མི་རི་ཀའི་ཁུལ་གྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་སོགས་ཧ་ཅང་གི་དོ་སྣང་ཤུགས་ཆེན་གནང་བ་མ་ཟད། ཁོང་རྣམས་སྤྲོ་བ་ཆེན་པོ་སླེབས་འདུག་པར། ང་ཚོའི་ངོས་ནས་དགའ་བ་སྒོམ་དགོས་པ་དང་། ང་ཚོར་དམིགས་བསལ་གྱི་འགན་འཁྲི་ཡོད་པ་གཞིར་བཟུང་དོ་སྣང་གནང་སྟེ་འགན་ཁུར་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག

དེ་བཞིན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ཐུགས་འགན་ཆེན་པོ་བཞིའི་ཐོག་བཀའ་སློབ་གནང་གི་ཡོད་རེད། རྣམ་པ་ཚོས་མང་བ་མཁྱེན་གྱི་ཡོད་རེད། གཅིག་དེ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། མི་ཕན་ཚུན་བརྩེ་བ་དང་། བྱམས་སྐྱོང་། སྤྱི་ཚོགས་ཞི་བདེ་དང་འཆམ་མཐུན་ཡོང་ཐུབ་རྒྱུར་འཛམ་གླིང་སྤྱི་ལ་བཀའ་སློབ་ཕེབས་ཀྱི་ཡོད་རེད། ང་ཚོ་བོད་པ་ཚོ་ཡིན་ནའང་དེ་འདྲའི་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ང་རང་ཚོ་ནང་ཁུལ་ཁྱོད་ཀྱི་ཁ་དང་། ངའི་སྣ་ཞེས་རྩོད་པ་བརྒྱབ་བསྡད་ན་ཕན་ཐོགས་ཅི་ཡང་ཡོད་མ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས། “བོད་མི་རིགས་ཀྱི་མཚན་སྙན་ལ་གནོད་པའི་ཤུས་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།” ཅེས་གསུངས་པ་ལྟར། བོད་མི་རིགས་ལ་མི་གནོད་པའི་དམ་བཅའ་ང་ཚོ་ཚང་མས་འཇོག་དགོས་པ་རེད། དེ་མ་བྱས་ན་འཐུས་ཤོར་འགྲོ་ཡི་ཡོད་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བོད་མི་ཡོངས་ལ་བསྐུར་བའི་ལས་འགན་དེ་བསྒྲུབ་དགོས་པ་རེད། བོད་མི་ནང་ཁུལ་འཆམ་མཐུན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། ང་ཟེར་བ་དེ་ང་ཚོར་འགྱུར་ཐུབ་དགོས་པ་དང་། ང་ཚོ་ཟེར་བ་དེ་བོད་པར་འགྱུར་ཐུབ་པ་དང་། བོད་པ་ཟེར་བ་དེ་སྤུན་ཟླར་འགྱུར་ཐུབ་དགོས་པ། དེ་འདྲའི་འདུ་ཤེས་བསྐྲུན་ཐུབ་པ་ཡིན་ན། ཏོག་ཙམ་མ་འགྲིག་པ་ཡོང་ནའང་། དེ་ལས་འབྲེལ་བ་གཞན་ཞིག་ཡོད་བསམས་ནས་ཕན་ཚུན་ཉེ་པོ་ཡོང་ཐུབ་ཀྱི་རེད། རྣམ་པ་ཚོས་དགོངས་པ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཞན་རྣམས་ཀྱི་སྐོར་ལ་གསུངས་གནང་རྗེས། ས་གནས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་ཡེ་ཤེས་འཇིགས་མེད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། མཐར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷ་དབང་ལགས་ཀྱིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་གཙོས་པའི་ཕྱོགས་ཕེབས་སྤྱི་འཐུས་རྣམ་པར་མཇལ་དར་བསྒྲོན་འབུལ་གནང་གནང་ཡོད་པ་བཅས། །