དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༩ ནས་ཕྱི་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་གསུམ་རིང་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བཞུགས་སྒར་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་ནང་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་གསར་རྙིང་རྣམ་པ་སོགས་འདུ་འཛོམས་ཀྱིས་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་གྲུབ་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་ལུས་མེར་བསྲེགས་ཕུལ་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་གནང་ཡོད་པ་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། གསུང་བཤད་གནང་དོན། ད་ལྟ་གོང་དུ་ལས་བསྡོམས་ནང་གསུངས་པ་ལྟར། ཕྱི་ལོ་ ༢༠༡༦ ལ་ཚོགས་པ་བཙུགས་པ་རེད། ཚོགས་པ་བཙུགས་པ་དེ་དམིགས་ཡུལ་ངེས་ཅན་ཞིག་བཟུང་བའི་ཐོག་ནས་བཙུགས་པ་རེད། བཙུགས་པ་ནང་བཞིན་ཕ་ཡུལ་གཅིག་པ་ནང་ཁུལ་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གནང་རྒྱུ་དང་། ཉམ་ཐག་ལ་གཟིགས་སྐྱོང་གནང་རྒྱུ་སོགས་ཕྱག་ལས་རབ་དང་རིམ་པ་མང་པོ་ཞིག་གནང་འདུག དེ་ཚོར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་ནས་ངས་ཞུ་རྒྱུར། ང་ཚོ་ཤེས་ཡོན་ཐོག་ལ་དམིགས་བསལ་གྱིས་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། བྱུང་ན་བོད་ཆོལ་ཁ་གསུམ་གྱི་ནང་ནས་ཤེས་ཡོན་ཐོག་ལ་དཔལ་འབྱོར་གྱིས་མཇུག་སྐྱོང་མ་ཐུབ་པ་དེ་ཚོར་རོགས་པ་གནང་རྒྱུ་དང་། དེ་མ་བྱུང་ནའང་། ཕ་ཡུལ་གཅིག་པའི་ནང་དཔལ་འབྱོར་ཡག་པོ་མེད་པར་བརྟེན་ནས་ལྷག་བསྡད་པ་རྣམས་ལ་གཟིགས་སྐྱོང་གནང་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་དེང་སང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་སོགས་ལ་ཆེད་དུ་གཉེར་ནས་སྲིད་བྱུས་ཟིན་ཏེ་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་རེད། དེ་འདྲ་ཡིན་ཙང་ང་རང་ཚོས་བོད་ཡིག་ལ་སོགས་པ་མི་ཉམས་གོང་སྤེལ་གནང་དགོས་པ་མ་ཟད། དེའི་ཆེད་དུ་ལས་འཆར་བང་སྒྲིག་དགོས། སོ་སོའི་ཕ་ཡུལ་གྱི་སྐད་དེ་འབྱུང་འགྱུར་མི་རབས་ཚོར་རྩིས་སྤྲོད་དགོས་ཀྱི་ཡོད་པ་མ་གཏོགས། གནའ་སྔ་མོ་ང་ཚོའི་ཕ་ཡུལ་གྱི་སྐད་དེ་འདྲ་ཞིག་ཡོད་རེད་ཟེར་ནས་ཕྱིན་པ་ཡིན་ན་ཡོང་གི་མ་རེད། དེ་འདྲ་ཡིན་ཙང་། ང་རང་ཚོ་སོ་སོའི་ཕ་ཡུལ་གྱི་སྐད་དེ་རྒྱུན་འཛིན་གནང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་མཐོང་གི་ཡོད།

དེ་བཞིན་ནད་པ་གཟིགས་སྐྱོང་གནང་རྒྱུའི་ཐོག་ལའང་། རིས་སུ་མ་ཆད་པ་གཞིས་བྱེས་གཉིས་ཀྱི་ནང་གནས་བསྡད་པའི་ནད་པར་གཟིགས་སྐྱོང་གནང་རྒྱུ་དང་། དེ་ཚོའི་གྲས་མུ་མཐུད་རྒྱུན་མཐུད་ནས་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། གཙོ་བོ་གཅིག་ང་ཚོ་བོད་དོན་བདེན་མཐའ་གསལ་ཐབས་ཆེད་དུ། ང་ཚོ་བོད་རིགས་ཡོངས་རྫོགས་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་རྩ་དོན་རྩོད་དགོས་ཀྱི་ཡོད་རེད། ང་དང་ཁོ་ཟེར་བའི་སྐད་ཆ་དེ་མེད་པ་བྱས་ནས་ང་ཚོ་ཞེས་ཟེར་ནས་ནུས་པ་མཉམ་སྤུངས་ཐོག་ནས་ག་རེ་བྱེད་རྒྱུ་འདུག བོད་ཆོལ་ཁ་གསུམ་ཡོངས་རྫོགས་ནས་ག་རེ་བྱེད་དགོས་ཀྱི་འདུག དེའི་ཐོག་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་ནང་བཞིན་བྱས་ནས་ཚོགས་པ་བཙུགས་ཚར་བ་རེད། བཙུགས་ཚར་བའི་རྗེས་ལ་ལོ་རེ་བཞིན་ཡར་རྒྱས་འགྲོ་ཐུབ་པ་བཟོ་དགོས་ཀྱི་རེད། དང་པོ་བཙུགས་པ་དེ་ཡག་པོ་ཞེ་དྲག་བྱུང་བ་དང་། དེ་ནས་མཇུག་མ་ཐུང་དུ་ཐུང་དུ་ཕྱིན་པ་ཡིན་ན། བཙུགས་པ་དེ་གོ་ཆོད་ཡོད་མ་རེད། དེ་ཡིན་ཙང་བཙུགས་ཚར་བའི་རྗེས་ལ། ལོ་རེ་བཞིན་ཡར་རྒྱས་གཏོང་དགོས་པ་དང་། དེའི་ཐོག་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་རེད། མི་གཅིག་གཉིས་ལ་འགན་སྤྲད་ནས་བཞག་པ་མ་ཡིན་པར། ཚང་མ་ལོགས་ནས་ཚོགས་པ་དེ་ཡག་པོ་ཞིག་ཡོང་རྒྱུའི་ཆེད་དུ་གང་གནང་དགོས་པ། མི་སོ་སོར་ནུས་པ་མ་འདྲ་བ་ཡོད་དུས། སོ་སོའི་ནུས་པ་གང་ཡོད་པ་དེ་སྤུངས་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད། དེ་གཅིག་ཞུ་འདོད་བྱུང་།

སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང༌ལགས་ནི་ཁྱེད་ཚོའི་ཕ་ཡུལ་ནང་ནས་མི་སྣ་རྒན་པ་ཞིག་རེད། ཁོང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༤ ཉིན་ཕྱི་དྲིལ་ལས་ཁུངས་ལ་ཕྱག་ཡིག་གཅིག་བཏང་གནང་འདུག དེའི་ངོ་བཤུས་ཤིག་ང་ཚོར་འབྱོར་ཡོད་རེད། དེའི་ནང་ག་རེ་གསལ་གྱི་འདུག་ཟེར་ན། ཡུལ་ཤུལ་ཟེར་བའི་ཐ་སྙད་འགྲིག་གི་མེད་པ་དང་། རྒ་སྐྱེ་རྒུ་མདོ་ཞེས་བཏགས་དགོས་རེད་ཅེས་གསུངས་འདུག དེ་ག་རེ་ཡིན་པ་ངས་ཧ་གོ་ཡི་མེད། དེ་འདྲ་ཡིན་ཙང་ཁྱེད་ཚོ་ནང་ཁུལ་གོ་བསྡུར་གནང་ནས་ག་རེ་ཡིན་པ། ཡུལ་ཤུལ་དེ་ཚད་དང་ལྡན་པ་རེད་དམ་ཡང་ན། རྒ་སྐྱེ་རྒུ་མདོ་བཏགས་དགོས་ཀྱི་རེད། ད་ལྟ་ཁྱེད་ཚོ་ཚོགས་ཆེན་འཚོགས་ཀྱི་ཡོད་དུས། དེ་ཚོའི་གྲས་གནས་བབ་གང་འདྲ་ཆགས་ཡོད་རེད། དེའི་ནང་དོན་དག་ངོ་མ་ག་རེ་བཀོད་འདུག་ཞུས་པ་ཡིན་ན། མ་འོངས་པར་གཞུང་འབྲེལ་གྱི་གསར་ཤོག་ནང་ཡུལ་ཤུལ་ཞེས་པ་དེ་མ་བཀོད་པར། རྒ་སྐྱེ་རྒུ་མདོ་ཞེས་བཀོད་རོགས་ཞེས་པ་དེ་དོན་དག་ངོ་མ་རེད། དེ་ཚོའི་གྲས་རྣམ་པ་ཚོས་བགྲོ་གླེང་བྱ་རྒྱུ་དང་། དངོས་ཡོད་གནས་ཚུལ་ག་རེ་ཆགས་ཡོད་རེད། ཡིན་པ་དེ་ཡིན་པའི་ཐོག་ལ་བཞག་དགོས་པ་དང་། མིན་པ་དེ་མིན་པའི་ཐོག་ལ་གཡུག་དགོས་རེད། དེ་ཚོའི་གྲས་དགོངས་པ་བཞེས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་བཞིན་བོད་ཆོལ་ཁ་གསུམ་ཡོངས་རྫོགས་མཐུན་པོ་དགོས་ཀྱི་ཡོད་པ་དང་། བོད་ཀྱི་རྩ་དོན་ཐོག་ལ་ནུས་པ་ཇི་ལྟར་སྤུངས་དགོས་པ། སྔོན་ལ་ཚོགས་པའི་ཚོགས་གཙོས་གསུངས་པ་ནང་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་རྒྱུའི་དམིགས་ཡུལ་ཡོད་ཅེས་གསུངས་སོང་། ཞེ་དྲག་ཡག་པོ་རེད། བཀའ་དགོངས་གསུངས་པ་དེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གང་གནང་བ་དེ་ཚོ་ཚང་མའི་ཐོག་ལ་འཇུག་ཐུབ་དགོས་པ་གལ་ཆེན་པོ་རེད། ང་ལ་ཐེ་བ་དེ་ལག་ལེན་བསྟར་གྱི་ཡིན། ང་ལ་མ་ཐེ་བ་དེ་ལག་ལེན་བསྟར་གྱི་མིན་ཞེས་ཟེར་རྒྱུ་མ་ཡིན་པ་དང་། དོན་ངོ་མའི་ཐོག་ནས་འཛམ་གླིང་མི་གཞན་དག་མི་ཆེན་གལ་ཆེན་དྲུང་ནས་བཀའ་སློབ་ཞུ་མ་དགོས་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དང་འཇིག་རྟེན་གང་གི་ཐོག་ལ་བཀའ་སློབ་རབ་དང་རིམ་པ་གང་ཕེབས་པའི་ཐོག་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་གནང་ནས་བཀའ་དགོངས་གཞིར་བཟུང་འགྲོ་དགོས་ཀྱི་རེད། སློབ་སྦྱོང་མ་གནང་ན། བཀའ་དགོངས་གཞིར་བཟུང་འགྲོ་ཐུབ་ཀྱི་མ་རེད། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱ་རྒྱུ་དང་། རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ཚོའི་ཐོག་ལ་དམིགས་བསལ་གྱི་ལས་འཆར་གང་སྤེལ་དགོས་འདུག ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གཟའ་མཇུག་སློབ་གྲྭའི་སློབ་དགེ་གཅིག་པུར་རེ་བ་བཅོལ་ནས་མ་བཞག་པར། ང་ཚོ་སོ་སོའི་ངོས་ནས་ག་རེ་གནང་དགོས་པ་སོགས་ཀྱི་ཐོག་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།

དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། གསུང་བཤད་གནང་དོན། ཕྱི་ལོ་ ༢༠༡༦ ལོར་ཚོགས་པ་འགོ་བཙུགས་པ་དང་། སྐབས་དེར་དབུ་འབྱེད་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་། ད་ཆ་ལོ་གསུམ་རྗེས་ལ་སླར་ཡང་གཞུང་འབྲེལ་ཐོག་བཅར་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། གཞི་རྩའི་རྣམ་པ་ཚོ་དེ་རིང་འདིར་དཔེ་དེབ་དབུ་འབྱེད་དང་མཉམ་དུ། ད་ལྟ་ངས་དཔེ་དེབ་ནང་གི་ཡི་གེ་རེ་རེ་བཞིན་ཆ་ཚང་ཀློག་རྒྱུ་བྱུང་མ་སོང་ཡང་། ནང་དོན་དེ་ཚང་མ་ལོགས་ཕྱོགས་བསྡོམས་ཡོད་པ་ཞིག་མཇལ་རྒྱུ་བྱུང་། ཁྲིམས་སྒྲིག་གཞི་ཡོད་པ་དང་། དེ་སྔ་ཕྱག་ལས་གནང་བ་ཁག་འཁོད་འདུག

རྩ་བའི་ད་ལྟ་གོང་དུ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་པ་ནང་བཞིན་རེད། སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ལ་ཕྱག་ཡིག་ཅིག་གནང་འདུག ཕྱག་བྲིས་དེའི་ནང་དོན་ལ། རྣམ་པ་ཚོས་ད་ལྟ་ཐ་སྙད་བེད་སྤྱོད་བྱེད་བཞིན་པ་དེ་གཅིག་པུར་མ་ཡིན་པར། ཐ་སྙད་མང་པོ་ཞིག་དེང་སང་དུས་རབས་ཉེར་གཅིག་ནང་ང་ཚོའི་གནས་བབ་ཀྱི་གནས་སྟངས་ཐོག་ནས་ང་རང་ཚོས་སྔོན་མའི་ཐ་སྙད་ཕར་བཞག་སྟེ། ཐ་སྙད་གསར་པ་མང་པོ་ཞིག་ཤན་ཞུགས་ནས་བེད་སྤྱོད་བྱེད་ཀྱི་འདུག  དེ་འདྲ་ཡིན་ཙང་གང་ལྟར་ཐ་སྙད་གང་འདྲ་བེད་སྤྱོད་གནང་གི་ཡོད་ནའང་། དེ་མ་འོངས་པར་གནད་འགག་ཅིག་ཆགས་ཀྱི་ཡོད་རེད། དེའི་ནང་ནས་རྒན་རབས་གཅིག་དང་སྤྱི་འཐུས་གནང་མཁན་ཞིག ལྷག་པར་དུ་རྣམ་པ་ཚོའི་སྐྱིད་སྡུག་ཚོགས་པ་དང་ཐད་ཀར་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་དུས། སྐུ་ངོ་མཆོག་གིས་ལམ་སྟོན་ཕེབས་ཡོད་བཞག་བརྩིས་ཀྱི་ཡོད། དེའི་ཐོག་ལ་གནད་འགག་བརྩིས་དགོས་ཀྱི་རེད་བསམ་གྱི་ཡོད།

དེ་ལས་ལྷག་པ་ཞིག་ལ། རྣམ་པ་ཚོའི་དཔེ་དེབ་ནང་ལ་བོད་ཀྱི་ཡུལ་ལྗོངས་ཡོངས་རྫོགས་མེད་པ་ཡིན་ནའང་། རྣམ་པ་ཚོས་འབད་བརྩོན་གནང་ནས་འབྲེལ་ཡོད་རྫོང་དྲུག་གི་ནང་ཡོད་པའི་ཡུལ་ལྗོངས་གང་ཡོད་པ་དེ་པར་བརྒྱབ་འདུག ཡུལ་ལྗོངས་ཀྱི་གནས་བབ་ཡོད་པ་ནང་བཞིན།  བོད་ཀྱི་སྤྱི་ཡོངས་ཁྱད་ཆོས་ཡོན་ཏན་གང་ཡོད་པ་དེ་དཔེ་དེབ་ནང་མཇལ་རྒྱུ་མེད་པ་ཡིན་ནའང་། ད་ལྟའི་དུས་རབས་ལ། བོད་ཀྱི་ཁོར་ཡུག་གི་གནས་བབ་རེད། དགོན་པ་གྲྭ་ཚང་ཁག་གི་གནས་བབ་རེད། ད་ལྟའི་དུས་ཚོད་ལ་ཆབ་སྲིད་ཀྱི་དཀའ་རྙོག་གང་ཡོད་པ།  དུས་རབས་བཟང་བའི་སྐབས་ལ་བོད་ཀྱི་གནས་བབ་ཇི་ལྟར་ཡོད་པ། བར་ལ་དཀའ་ངལ་གང་འཕྲད་ཡོད་པ། ད་ལྟའི་གནས་བབ་ལ་སོགས་མ་འོངས་པར་མཉམ་དུ་པར་བསྐྲུན་གནང་ནས་བསྟན་རྒྱུ་ཡོད་ན་ལེགས་ཤོས་ཤིག་རེད། དེའི་ཐོག་ལ་རྣམ་པ་ཚོས་དགོངས་བཞེས་གནང་རྒྱུར་ཚིག་ཁག་ཅིག་ཞུས་ན་བསམ་བྱུང་།

རྩ་བའི་ཚོགས་ཆེན་སྔོན་མ་བསྐྱངས་ནས་ད་བར་གྱི་གྲུབ་འབྲས་གང་བྱུང་བ་དེ་དག་ལས་བསྡོམས་ནང་མཇལ་རྒྱུ་ཡོད་དུས། རྣམ་པ་ཚོར་ལྡབ་སྐྱོར་ཞུ་མ་དགོས་པ་དང་། དེ་རིང་རྣམ་པ་ཚོས་གྲོས་གཞི་ཁག་བཅུ་ཡོད་རེད། གྲོས་གཞི་ཁག་བཅུའི་ནང་ནས་དང་པོ་ནས་དྲུག་པ་བར་དུ་སྤྱི་ཡོངས་ཀྱི་གནས་བབ་རེད་འདུག གོང་དུ་དཔལ་ལྡན་ཚོགས་གཙོས་གསུངས་པ་ནང་བཞིན། བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དེ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་རྒྱུར་ཞབས་རིམ་འགྲུབ་རྒྱུ་དང་། རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ། ༧གོང་ས་མཆོག་གི་དགོངས་བཞེད་གཙོ་བོ་གཅིག་དེ། ང་ཚོ་བོད་མི་ཡོངས་རྫོགས་མཉམ་དུ་རྡོག་རྩ་གཅིག་སྒྲིལ་ཐོག་ནས་ང་ཚོའི་འཐབ་རྩོད་ཐོག་རྒྱ་ནག་དམར་པོའི་གཞུང་ལ་གདོང་ལེན་གནང་རྒྱུ་དེ་རེད།  དེ་དག་གྲོས་གཞིའི་ནང་ཡོད་པ་དང་། གནད་འགག་བརྩིས་པ་ནང་བཞིན། གྲོས་ཆོད་འཇོག་རྒྱུ་དང་། གྲོས་ཆོད་བཞག་པའི་རྗེས་ལ་ཕྱག་བསྟར་འཁེལ་ཐུབ་དགོས།

ལྷག་པར་དུ་གྲོས་གཞི་གཉིས་ཤེས་ཡོན་ཐོག་རེད་འདུག བཙན་བྱོལ་ནང་མ་གཏོགས་བོད་ནང་སྙོབ་རྒྱུ་ཁག་པོ་རེད། ཡིན་ནའང་། བོད་པའི་ས་ཁུལ་ཁ་ཤས་ནང་ཕྱིའི་མི་རིགས་ཀྱིས་སློབ་གྲྭ་བཙུགས་ནས་རོགས་པ་བྱེད་ཀྱི་ཡོད་པ་དང་། སུད་སི་དང་། འཇར་མན་གྱི་སྐྱེས་མ་གཉིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་འཚེམ་ཁང་བཙུགས་ཡོད་པ་དང་། ཁོང་ཚོས་དངུལ་འགྲོ་སོང་དེ་དག་གཙོ་བོ་བོད་ནང་གཏོང་གི་ཡོད་པ་དང་། དེའི་ནང་ནས་སྨད་ཕྱོགས་ལ་གཏོང་གི་ཡོད་པ། དེའི་ནང་ནས་རྒ་སྐྱེ་རྒུ་མདོའི་ཕྱོགས་ལ་སློབ་གྲྭ་བཙུགས་ཡོད། རོགས་པ་བྱེད་མྱོང་ཡོད་ཅེས་གསུངས་གནང་སོང་། ང་ཚོ་རྒྱ་བལ་འབྲུག་གསུམ་ནང་ཡོད་མཁན་ཚོས་བོད་ནང་ཐད་ཀར་སྙོབ་ཐུབ་ཀྱི་ཡོད་མ་རེད། འོན་ཀྱང་ཕྱི་རྒྱལ་ལ་ཡོད་མཁན་ཚོས་ག་རེ་སྙོབ་རྒྱུ་འདུག ཐུགས་ཕན་ག་རེ་གསོ་རྒྱུ་ཡོད་པ་དགོངས་པ་བཞེས་དགོས།

བཙན་བྱོལ་ནང་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་སྐུ་དྲིན་དང་། མི་རབས་རྒན་པའི་བཀའ་དྲིན་བཅས་ལ་བརྟེན་ནས་ད་ལྟའི་ཆར་བཙན་བྱོལ་ནང་སློབ་གྲྭར་འགྲིམ་མི་མྱོང་བ་བརྒྱ་ཆ་བཅུ་ཙམ་མ་གཏོགས་ཡོད་མ་རེད། ཧ་ལམ་ཤེས་རྨོངས་པ་གཅིག་ཀྱང་ཡོད་མ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ནས་ཤེས་ཡོན་གྱི་མཐུན་རྐྱེན་སྦྱར་གྱི་ཡོད་ཀྱང་། ད་ལྟ་རྣམ་པ་ཚོའི་གྲོས་གཞིའི་ནང་ཡོད་པ་གཞིར་བཟུང་། དབུ་འོག་དཔུང་འདེགས་ཞེས་གསུང་གི་ཡོད་པ་རེད། རྣམ་པ་ཚོས་ཤེས་ཡོན་མཐུན་རྐྱེན་སྦྱར་རྒྱུ་ཡོད་ན། རྣམ་པ་ཚོས་སུ་ལ་མཐུན་རྐྱེན་སྦྱོར་དགོས་མིན་བཙལ་མི་དགོས་པར། ཐད་ཀར་ཤེས་རིག་ལས་ཁུངས་ལ་འབྲེལ་བ་བྱས་ནས་ང་ཚོའི་ཚོགས་པས་མཐོ་རིམ་སློབ་གྲྭར་འགྲོ་མཁན་བཅུ་ལ་སློབ་ཡོན་ཡོད། བཅོ་ལྔ་ལ་སློབ་ཡོན་ཡོད་ཅེས་ཟེར་ནས་མཐུན་རྐྱེན་སྦྱོར་ཐབས་བྱེད་ན་འགྲིག་གི་རེད། དཔེར་ན། སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་ཀྱིས་ཤེས་རིག་ལས་ཁུངས་ལ་འབྲེལ་བ་བྱས་ནས་སློབ་ཕྲུག་བརྒྱ་ལ་སློབ་ཡོན་གནང་གི་ཡོད་རེད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་ནད་པ་དེ་འདྲར་རོགས་པ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད།

རྒྱ་དམར་གཞུང་གིས་བོད་ཀྱི་རིག་གནས་བཅུ་ཚང་མ་རྩ་མེད་གཏོང་གི་ཡོད་དུས། རྣམ་པ་ཚོས། ལག་ཤེས་ཡོད་མཁན་ཐང་ག་འབྲི་མཁན་དང་། ཤིང་བརྐོས་བརྒྱབ་མཁན། བོད་ལུགས་ཐབ་བཟོ་མཁན་ལ་སོགས་སྟོང་འགྲོ་གི་ཡོད་ཙང་། དེ་ཚོའི་ཐོག་ལའང་རོགས་པ་བྱེད་ཐབས་ཀྱི་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། རྣམ་པ་ཚོས་བོད་ཆོས་ལྡན་ཞིང་ཁམས་ཡོངས་ནང་སྙོབ་ཐུབ་རྒྱུ་ཁག་པོ་ཡིན་ཡང་། རྣམ་པ་ཚོས་རྫོང་ཁག་དྲུག་ནང་བོད་ཀྱི་དགོན་པ་རྙིང་པ་དེ་དག་ཉམས་རྒུད་ཇི་ལྟར་ཕྱིན་པ། ད་ལྟ་བཙན་བྱོལ་ནང་དགོན་པ་ཡོངས་རྫོགས་ཀྱི་ཡན་ལག་བཙུགས་ཐུབ་ཡོད་དམ། བཙུགས་ཐུབ་མེད་ན་གང་བྱས་ནས་བཙུགས་ཐུབ་མེད་པ་སོགས་ཀྱི་ཐོག་གཟིགས་རྒྱུ་གལ་ཆེན་པོ་རེད།

གཙོ་བོ་དེ་རིང་རྣམ་པ་ཚོ་འདིར་འཛོམས་པ་དེ། ང་ཚོའི་ལུང་པ་རྒྱ་དམར་འོག་ཏུ་ཤོར་ནས་འུ་ཐུག་བཟོད་བྲལ་ཐབས་མེད་འོག་ཚོགས་པ་བཙུགས་དགོས་པ་ཆགས་ཡོད་པ་རེད་མ་གཏོགས། དེ་རིང་ལུང་པ་ཡོད་ན། དེ་འདྲ་བཙུགས་དགོས་ཡོད་མ་རེད་ལ། དེ་འདྲའི་གྲོས་ཆོད་བཞག་དགོས་པ་ཡོད་མ་རེད། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་ལའང་། རྒྱ་དམར་གཞུང་གིས་བྱུས་ངན་གཏིང་བཞིན་ཡོད་པ་དང་། བོད་ནང་ཡོད་པའི་ཆོས་ལུགས་རིས་མེད་ཀྱི་དགོན་པའི་བླ་སྤྲུལ་རྣམ་པར་བཙན་གནོན་འོག་རྒྱ་དམར་གཞུང་གི་ཁྲིམས་སྒྲིག་འོག་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༧རྒྱལ་བའི་ཡང་སྲིད་ལ་ངོས་ལེན་བྱེད་ཀྱི་ཡིན་ཅེས་བཤད་བཅུག་འདུག བྱས་ཙང་རྣམ་པ་ཚོས། རྒྱ་དམར་གཞུང་གིས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཡང་སྲིད་དང་། བླ་ཆེན་ཁག་གི་ཡང་སྲིད་ལ་གཞིས་བྱེས་གཉིས་ཀྱི་ངོས་ནས་ངོས་འཛིན་མེད་པ་གསལ་སྟོན་བྱེད་དགོས་པ་གལ་ཆེན་པོ་རེད།

གྲོས་གཞི་ལྷག་མ་དེ་རྣམ་པ་ཚོའི་སྒྲིག་འཛུགས་ཚགས་ཚུད་དང་། སྲ་བརྟན་ཇི་ལྟར་བཟོ་དགོས་པའི་ཐོག་རེད་འདུག རྣམ་པ་ཚོའི་སྒྲིག་འཛུགས་ལོ་གསུམ་ནང་ཡག་ཐག་ཆོད་ཆགས་ཡོད་དུས་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་དོན་བདེན་མཐའ་གསལ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཐོག་རྣམ་པ་ཚོས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་ག་རེ་འདུག སྤྱི་ཚོགས་ཞབས་ཞུ་དང་། ཆབ་སྲིད་ཡོངས་རྫོགས་ལ་གང་ཐུབ་ཐུབ་སྙོབ་རྒྱུའི་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་པ་ཕྱི་ལོ་ ༢༠༡༦ ལོར་དབུ་བཙུགས་པ་ནས་བཟུང་ད་བར་ལོ་ངོ་གསུམ་གྱི་རིང་སྤྱི་ཚོགས་ཞབས་ཞུ་སོགས་ལས་བསྡོམས་ཁག་དང་སྦྲགས། རང་ཡུལ་ཡུལ་ཤུལ་གྱི་ངོ་སྤྲོད་མདོར་བསྡུས་ལྡན་པའི་བརྙན་དེབ་དེབ་ཆུང་ཞིག་དབུ་འབྱེད་ཀྱིས་འགྲེམས་སྤེལ་དང་། ཚོགས་པའི་ཚོགས་གཙོས་ཚོགས་འདུའི་ངོ་སྤྲོད་དང་། དྲུང་ཆེ་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་པའི་སྐབས་དང་པོའི་དབུས་རྒྱུན་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཕྱག་འཁྱེར་གནང་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐབས་གཉིས་པའི་དབུས་རྒྱུན་ལས་གསར་པ་རྣམས་ལ་མཇལ་དར་བསྒྲོོན་གནང་སོང་།

མཐར་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་ནས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་གྲོལ་བ་བཅས། །