དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། །ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅི་ལི་ (Chile) ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལྦི་ལ་ཌོ་མི་རོ་སི་ཝིག་ཝར་ཌི་གྷོ་ (Vlado Mirosevic Verdego,Liberal Party of Chile) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ (Alejandro Bernales, Liberal Party of Chile) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ (Tomas Hirsch, Humanist Party of Chile) གྲོས་ཚོགས་འཐུས་མི་སྐུ་ཞབས་ (Dario Ergas, Humanist Party of Chile) དང་། ཅི་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Fernando Salinas Manfredini, President of Amigos Del Tibet-Chile) ལགས་དང་།  བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ (Felix Milanes, Coordinator of Center for Experimental Education, Secular Ethics) ལགས། སི་པན་སྐད་བསྒྱུར་གནང་མཁན་ཨ་ནི་བསྟན་འཛིན་སྒྲོལ་དཀར་ (Spanish Translator, Marta, Ani Tenzin Dolkar) ལགས། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་བཅས་བཞུགས་སྒར་རྡ་སར་ཉིན་ལྔའི་རིང་ཕེབས་གནང་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་མཇལ་འཕྲད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགོང་དྲོའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད།

མཇལ་འཕྲད་སྐབས་ཐོག་མར་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཐོག་མར་སྤྱི་འཐུས་རྣམ་པ་ངོ་སྤྲོད་གནང་རྗེས།  ཅི་ལིའི་གྲོས་ཚོགས་འཐུས་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་རྣམ་པ་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཅི་ལི་རྒྱལ་ཁབ་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཅི་ལི་དང་བོད་དབར་གྱི་འབྲེལ་བ་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་དེའི་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་མཆོག་ཅི་ལི་རྒྱལ་ཁབ་ནང་ཞབས་སོར་འཁོད་གནང་མཛད་སྐབས། སྐབས་དེའི་ཅི་ལིའི་སྲིད་འཛིན་སྐུ་ཞབས་ (Patricio Aylwin) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་སླར་ཡང་༧གོང་ས་མཆོག་ཅི་ལི་ཡུལ་དུ་ཞབས་སོར་འཁོད་གནང་བ་མ་ཟད། སྐབས་དེའི་སྲིད་འཛིན་ (Eduardo Frei) མཆོག་དང་། གཞན་དཔོན་རིགས་ཁག་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༣ ནས་ ༧ བར་ཅི་ལི་རྒྱལ་ཁབ་ནང་མཛད་འཕྲིན་བསྐྱངས་སྐབས་ཆེས་མཐོའི་མི་སྣ་མང་དག་ཅིག་མཇལ་འཕྲད་གནང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༤ ཉིན་༧གོང་ས་མཆོག་ལ་ཅི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཕྱག་འཁྱེར་ཕུལ་གནང་ཡོད་པ་བཅས་ངོ་སྤྲོད་དང་། བར་ལམ་ཅི་ལིའི་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་དང་འབྲེལ་བའི་ལས་འགུལ་དང་། བྱེད་སྒོ་སྤེལ་བ་རྣམས་བོད་མིའི་དྲ་རྒྱ་དང་། རླུང་འཕྲིན་ཁང་ཁག་གི་བརྒྱུད་ལམ་ནས་བོད་མི་ཚོས་གོ་ཐོས་བྱུང་གི་ཡོད་སྐོར་སོགས་གསུངས་གནང་ཡོད་པ་དང་།

དེ་བཞིན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་པ་སྐུ་ཞབས་ལྦི་ལ་ཌོ་མི་རོ་སི་ཝིག་ཝར་ཌི་གྷོ་མཆོག་གིས་ཁོང་རྣམས་ཉིན་ཤས་རིང་བཞུགས་སྒར་ལ་ཆེད་ཕེབས་གནང་སྟེ་ ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཤེས་ཡོན་དང་རིག་གཞུང་བསྟི་གནས་ཁང་བཅས་ལ་གཟིགས་བསྐོར་ཕེབས་རྒྱུའི་གོ་སྐབས་བྱུང་སྟབས་བོད་ཀྱི་གནད་དོན་ཤེས་རྟོགས་སླད་ཕན་ཐོགས་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་༧གོང་ས་མཆོག་དང་ལྷན་མཇལ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་སྐོར་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་སོང་། དེ་ནས་ཁོང་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་གནས་བབ། བོད་རྒྱ་འབྲེལ་མོལ་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུ་དང་འབྲེལ་བའི་དྲི་བ་བཏང་གནང་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ལྷག་པར་བོད་རྒྱ་འབྲེལ་མོལ་ཐོག་ལ་ཕྱི་ལོ་ ༢༠༡༠ ནས་བཟུང་ད་བར་རྒྱ་གཞུང་གི་ངོས་ནས་བརྡ་ལན་གསལ་པོ་བྱུང་མེད་སྐོར་འགྲེལ་བརྗོད་གནང་ཡོད།

དེ་རྗེས་ཁོང་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་དང་། བོད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་གཏིང་ཟབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འབྱུང་འགྱུར་རང་ཡུལ་དུ་ཕེབས་འབྱོར་མཚམས། བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་གནང་རྒྱུ་དང་། དེ་བཞིན་ཅི་ལི་རྒྱལ་ཁབ་ཀྱི་མང་གཙོའི་སྒྲོམ་གཞི་དང་། ཅི་ལི་རྒྱལ་ཁབ་སྐོར་ངོ་སྤྲོད་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེ་རིང་འདིར་ཅི་ལིའི་གྲོས་ཚོགས་འཐུས་མི་རྣམ་པ་ཕེབས་པར་འཚམས་འདྲི་དང་སྦྲགས། ཅི་ལིའི་གཞུང་མང་གཉིས་ནས་ཐུགས་འཁུར་ཆེན་པོའི་ངང་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་གསུངས་གནང་བ་མ་ཟད། ཆབ་སྲིད་གཅིག་པུ་མ་ཡིན་པར་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ཐུན་མིན་གོམས་གཤིས་སོགས་ལ་རྒྱུས་ལོན་ཡོང་ཆེད་འདི་ནང་བཞིན་མཇལ་འཕྲད་དང་། གོ་བསྡུར་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་ཚུལ་སྐོར་དང་། འབྱུང་འགྱུར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་ཡོང་རྒྱུ་དང་། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱང་མཉམ་ཞུགས་གནང་རྒྱུར་འབོད་སྐུལ་གནང་རོགས་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཁོང་རྣམས་ལ་ཕུལ་གནང་ཡོད་པ་བཅས། །