དཔལ་ལྡན་ཚོགས་གཙོ་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་གི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་སའི་ཉེ་འདབས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐོག་འཛུལ་ཞུགས་གནང་མཁན་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༢༧ གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༡༡༤ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་སོང་།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། མང་གཙོ་ཟེར་བ་དེ་མིའི་སྤྱི་ཚོགས་ནང་ཇི་ལྟར་བྱུང་བ་དང་། ད་ལྟའི་མང་གཙོའི་གནས་བབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་གནས་སྟངས་བཅས་ཀྱི་ཐོག་ཞུས་ན་བསམ་བྱུང་། དེ་ཡང་ཡོངས་གྲགས་བཤད་སྲོལ་ལྟར་ན། མང་གཙོ་ཞེས་པ་དེ་ཡུ་རོབ་གྷི་རི་སི་རྒྱལ་ཁབ་ནས་དར་བ་དང་། གྷི་རིག་ཐ་སྙད་ནང་ (Demos Kratos) ཞེས་འབོད་ཀྱི་ཡོད་པ་དང་། (Demos) ཟེར་ན་མི་མང་ངམ་མང་ཚོགས་དང་། (Kratos) ཞེས་པ་ནི་ནུས་པའམ་དབང་བསྒྱུར། (Demos Kratos) ཟེར་ན་མི་མང་གིས་དབང་བསྒྱུར་ལ་གོ་དགོས་ཀྱི་ཡོད། བོད་ཡིག་གི་བརྡ་སྤྲོད་ཐ་སྙད་བེད་སྤྱོད་བྱེད་སྐབས། མང་གཙོ་དང་། དམངས་གཙོ་ཞེས་མི་འདྲ་བ་གཉིས་འབྲི་སྲོལ་འདུག་ཀྱང་། གྲོས་ཚོགས་ཀྱི་ཡིག་ཆ་མང་ཆེ་བ་དང་། ཡོངས་གྲགས་སུ་མང་གཙོ་ཞེས་འབྲི་བཞིན་ཡོད་པ་རེད།

མང་གཙོ་ལག་ལེན་བསྟར་ཕྱོགས་ཐོག་ལ། ཐོག་མར་གྷི་རི་སི་གཙོས་པའི་ལུང་པ་ཁག་ཅིག་ནང་ཐད་ཀར་མི་མང་གིས་དབང་བསྒྱུར་བྱེད་པའི་ལམ་སྲོལ་ཐད་ཀའི་མང་གཙོ་དང་། རིམ་པས་དེང་སང་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་རྣམ་པས་དབང་བསྒྱུར་བྱེད་པའི་སྐུ་ཚབ་མང་གཙོ་ཞེས་པ་བྱུང་ཡོད། དེ་བཞིན་མང་གཙོའི་ལམ་ལུགས་ཐོག་ལ་ཨ་རིའི་མང་གཙོའི་འགྲོ་སྟངས་ལྟ་བུ་སྲིད་འཛིན་ལམ་ལུགས་དང་། ཨིན་ཇི་དང་། རྒྱ་གར་སོགས་ཀྱི་མང་གཙོའི་འགྲོ་སྟངས་ལྟ་བུ་གྲོས་ཚོགས་ལམ་ལུགས་བཅས་ལམ་ལུགས་འདྲ་པོ་མི་འདྲ་བ་གཉིས་ཆགས་བསྡད་ཡོད་རེད། ཆབ་སྲིད་ཀྱི་ལམ་ལུགས་དེ་ཚོའི་གྲས་མང་ཆེ་བ་མིའི་རྣམ་དཔྱོད་ཐོག་ནས་ཡོང་བསྡད་པ་ཞིག་ཆགས་བསྡད་ཀྱི་འདུག སྔོན་མ་ཡིན་ན། མང་བ་རྒྱལ་པོའི་རིང་ལུགས་དང་། གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་ཤུགས་ཆེ་བ་དང་། ཡུ་རོབ་ནང་དེའི་སྐབས་མང་ཆེ་བ་རྒྱལ་པོ་དང་། ཆོས་དཔོན་ཚོ་མཉམ་རུབ་ཐོག་ནས་མི་མང་ལ་གཉའ་གནོན་བཤུ་གཞོག་ཤུགས་ཆེན་པོ་བཏང་བའི་རྐྱེན་གྱིས་མི་མང་གིས་ཡར་གྱེར་ལངས་བྱུང་སྟེ། མང་གཙོའི་ལམ་ལུགས་བྱུང་བ་ཞིག་ཆགས་ཀྱི་ཡོད། རྩ་བའི་ཆབ་སྲིད་སྐྱོང་སྟངས་ཐོག་ལ་ཞུས་པ་ཡིན་ན། རྒྱལ་པོའི་རིང་ལུགས་དང་། དབང་ཆ་གཅིག་བསྡུད་ཀྱི་ལམ་ལུགས། མང་གཙོའི་ལམ་ལུགས་བཅས་གསུམ་གྱི་ནང་མ་བསྡུས་པ་ཞིག་ཡོད་མ་རེད། དེ་གསུམ་གྱི་ནང་ནས་མང་གཙོའི་ལམ་ལུགས་དེ་ཡག་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། མང་གཙོའི་ལམ་ལུགས་ནང་ནོར་འཁྲུལ་རྩ་བ་ནས་མེད་པ་ཞིག་ཆགས་ཀྱི་ཡོད་མ་རེད། མང་གཙོའི་ལམ་ལུགས་ནང་ཆབ་སྲིད་ཚོགས་པ་མང་པོ་ཆགས་ནས་འོས་བསྡུའི་འགྲན་རྩོད་ཤུགས་ཆེ་རུ་ཕྱིན་ནས་ཁ་ཕྱོགས་འདྲ་པོ་གཞན་ཞིག་ལ་འགྲོ་རྒྱུའི་ཉེན་ཁ་ཆེན་པོར་སླེབས་ཡོད། དེང་སང་ཉམས་ཞིབ་པ་མང་པོས་མང་གཙོའི་རྒྱལ་ཁབ་མང་པོའི་ནང་མང་གཙོ་ལག་བསྟར་བྱེད་ཕྱོགས་ལ་བརྟེན་ནས་མང་གཙོའི་ཆབ་སྲིད་ཀྱི་འགྲོ་ལུགས་དེར་ཉེན་ཁ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མང་གཙོའི་སྒྲིག་འཛུགས་འགྲོ་སྟངས་ཡག་ཤོས་དེ་ཡུ་རོབ་ (Scandinavia) ཡི་རྒྱལ་ཁབ་སུད་ཊེན་དང་། ཕིན་ལན་ཌི་སོགས་ཆགས་ཀྱི་ཡོད་ཅེས་བཤད་ཀྱི་འདུག ཡང་མཁས་པ་ཁག་ཅིག་གིས་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ (Partyless System) དགོས་ཀྱི་འདུག་ཟེར་གྱི་ཡོད་པ་དང་། གང་ཡིན་ཟེར་ན། མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་རིམ་པ་གཉིས་པར་བཞག་པ་དང་། ཆབ་སྲིད་ཚོགས་པ་དང་སྒེར་གྱི་ཁེ་ཕན་རིམ་པ་དང་པོར་སླེབས་ཀྱི་ཡོད་པར་བརྟེན་དེའི་ཐོག་བགྲོ་གླེང་ཡོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་ཇི་ལྟར་བྱུང་བ་དང་། དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་ནང་མང་གཙོའི་གནས་སྟངས། མང་གཙོའི་ལམ་ལུགས་མི་འདྲ་བ་བཅས་ཀྱི་ཐོག་ལ་དེ་ཙམ་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ཞུས་པ་ཡིན་ན། ཐོག་མར་ཕྱི་ལོ་ ༡༩༥༠ ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་བ་དང་། སྐབས་དེ་དུས་བོད་ལྗོངས་ཚོགས་འདུ་ཞེས་ཚོགས་སྲོལ་ཡོད་ཅིང་། དེའི་ནང་གདན་ས་ཁག་གི་སྐུ་ཚབ་དང་། གཞུང་གི་ལས་བྱེད་རྣམ་པ་ཚང་འཛོམས་ཀྱིས་གཞུང་གི་གནད་དོན་མང་བ་ཐག་གཅོད་བྱས་ནས་འགྲོ་ཡི་ཡོད་པ་རེད་མ་གཏོགས། མི་མང་གིས་འོས་བསྡུ་བྱས་ནས་འགོ་ཁྲིད་གདམ་རྒྱུའི་ལམ་སྲོལ་ཞིག་རྩ་བ་ནས་ཡོད་མ་རེད། སྐབས་དེ་དུས་མི་མང་རྣམས་ལ་ས་ཞིང་གི་བདག་དབང་མེད་པ་མ་ཟད། གཞུང་ལ་ཁྲལ་སྤྲད་དགོས་པ་སོགས་སྐུ་དྲག་རིང་ལུགས་ཤུགས་ཆེན་པོ་ཡོད་པར་བརྟེན། ༸གོང་ས་མཆོག་གིས་ལེགས་བཅོས་ཚོགས་ཆུང་ཞིག་བཙུགས་ནས་སྔ་མོའི་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་དགོངས་པ་བཞེས་གནང་ཡོད་རེད། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་དགོས་བྱུང་། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་པེ་ཅིང་ལ་ཕེབས་ནས་མའོ་ཀྲུ་ཞིས་མཚོན་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་དང་མཇལ་འཕྲད་དང་། ཟླ་བ་ལྔ་དྲུག་ཙམ་རིང་རྒྱ་ནག་ལ་བཞུགས་ནས་དམར་ཤོག་གི་འགྲོ་སྟངས་མཁྱེན་པ་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་དེ་ཚོར་མཁྱེན་རྟོགས་དང་། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་ནང་ཕེབས་པ་སོགས་གནང་ཡོད། རྒྱ་གར་གྲོས་ཚོགས་ནང་གི་བགྲོ་གླེང་གནང་སྟངས་དང་། མང་གཙོ་ཟེར་དུས་གཅིག་གི་འོག་གཅིག་གིས་སྒུར་མི་དགོས་པར་འདྲ་མཉམ་ཐོག་ནས་གོ་བསྡུར་བྱེད་ཐུབ་པ། དྲི་བ་གཏོང་ཐུབ་པ་སོགས་མང་གཙོའི་ལམ་ལུགས་དེར་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་གཟིགས་གནང་བ་རེད། དེ་རྗེས་བོད་ལ་ཕྱིར་ཕེབས་རྗེས། རྒྱ་ནག་དམར་གཞུང་མཉམ་དུ་མེ་འཚིག་མེར་གཏུག་གིས་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱྭར་བཟློ་བའི་ངན་བྱུས་བཤམས་པར་བརྟེན། ༧གོང་ས་མཆོག་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། བཙན་བྱོལ་བོད་གཞུང་དེ་ཉིད་དེང་གི་མང་གཙོའི་ལམ་ལུགས་ལྟར་བསྐྱོད་དགོས་པའི་དགོངས་པ་བཞེས་པ་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་ཅིང་། དུས་དེ་ནས་བཟུང་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་གནང་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་རིམ་པས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད།

སྤྱི་འཐུས་སྐབས་དང་པོ་ནས་བདུན་པ་བར་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་དང་། སྤྱི་འཐུས་སྐབས་བརྒྱད་པ་ནས་ལས་ཡུན་ལོ་ལྔ་རེར་འགྱུར་བ་བཏང་ཡོད། ཕྱི་ལོ་ ༡༩༦༣ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་དང་། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གིས་ཐད་བསྐོས་ཀྱིས་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ། སྤྱི་འཐུས་སྐབས་ ༡༡ པས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། སྐབས་དེ་དུས། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད། དེ་དང་མཉམ་དུ་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུའི་ཕྱག་ལས་གནང་གི་ཡོད། ཕྱི་ལོ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད་པ་དང་། བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་རྣམ་པ་བདམས་ཐོན་བཀའ་ཁྲིས་གྲོས་ཚོགས་སུ་བསྣམས་ནས་སྤྱི་མོས་བྱུང་ན་སྨོས་མེད་དང་། སྤྱི་མོས་མ་བྱུང་ན་གསང་བའི་འོས་ཤོག་འཕེན་ཏེ་འདེམས་དགོས་ཀྱི་ཡོད། དེ་ནས་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་དེ་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད། འོན་ཀྱང་༸གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་མི་མང་ནས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རེ་བ་མེད་པ་ལྟ་བུ་དང་། བོད་ཀྱི་འཐབ་རྩོད་བློས་བཏང་བ་ལྟ་བུ་རྩ་བ་ནས་མིན་པ་དང་། བཙན་བྱོལ་བོད་མིའི་འཛིན་སྐྱོང་དེ་གང་ཟག་གཅིག་ལ་ལྟོས་མི་དགོས་པར་མང་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ་ལྟ་བུ་དེང་སང་གི་འགྲོ་སྟངས་དང་མཐུན་པ་ཞིག་ལ་གཟིགས་པ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད། ད་ཆ་བཙན་བྱོལ་བོད་མིའི་མང་གཙོའི་ནང་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཁྲིམས་ལུགས་དབང་འཛིན་བཅས་མང་གཙོའི་ཀ་བ་གསུམ་ཡོད་ཅིང་། དེ་ཡང་དབང་ཆ་རྣམས་ཆ་བགོས་ཀྱིས་ལྗིད་མཉམ་སྟངས་འཛིན་གནང་བཞིན་ཡོད་པ་དང་། དེའི་འོག་རང་དབང་ཅན་གྱི་སྡེ་ཚན་གསུམ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། འོས་བསྡུ་ལྷན་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་ཆ་ལག་ཚང་བའི་མང་གཙོ་ཚད་ལྡན་ཞིག་ཆགས་ཡོད། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད་པ་རེད།

རྩ་བའི་མང་གཙོའི་ལྟ་གྲུབ་གལ་ཆེ་བ་ཞིག་གང་རེད་ཟེར་ན། སོ་སོ་ལ་རང་དབང་དང་ཐོབ་ཐང་དགོས་པ་ལྟར། སོ་སོའི་རང་དབང་དང་ཐོབ་ཐང་དེས་རྐྱེན་བྱས་ཏེ། མི་གཞན་གྱི་རང་དབང་དང་ཐོབ་ཐང་ལ་མི་གནོད་པ་ཞིག་བྱེད་དགོས་ཀྱི་ཡོད་རེད། དེང་སང་མང་གཙོའི་སྤྱི་ཚོགས་མང་ཆེ་བའི་ནང་ལྟ་གྲུབ་དེ་ཉམས་འགྲོ་ཡི་འདུག དེ་ནང་བཞིན་བོད་པའི་སྤྱི་ཚོགས་ནང་ལའང་ཉམས་སོང་བ་ཡིན་ན། ང་ཚོའི་སྒྲིག་འཛུགས་ཀྱི་མང་གཙོའི་འགྲོ་སྟངས་ལ་རང་བཞིན་གྱི་དོ་ཕོག་དང་གནོད་ཀྱི་རེད། ང་ཚོའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་རྒྱལ་ཁབ་གཞན་གྱི་ནང་ཡོད་དུས། གཞན་ལ་བསྟུན་ནས་འགྲོ་དགོས་པ་དང་། འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཆགས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། ང་ཚོའི་འཐབ་རྩོད་ལའང་ཉེན་ཁ་འཕྲད་སྲིད་པ་རེད། ད་བར་ང་ཚོའི་མང་གཙོའི་འཕེལ་རིམ་ནང་བལྟས་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་ལྐུལ་ལྕགས་རིམ་པར་གནང་བ་ལ་བརྟེན་ནས་ཆ་ལག་ཚང་བའི་མང་གཙོའི་ལམ་ལུགས་ཐོག་གོམ་པ་སྤོས་ཐུབ་པ་ཞིག་བྱུང་ཡོད་པ་རེད། ༧གོང་ས་མཆོག་གི་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས་དེ་ཡོད་པར་བརྟེན་ནས་གནས་ཡུལ་རྒྱ་གར་དང་། རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་དང་། ཆོས་རིག་གཞུང་བཅས་ཀྱི་ཐོག་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ཡོད་དུས། དེར་དོ་ཕོག་མ་འགྲོ་བའི་འགན་ཚང་མས་བཞེས་དགོས་པ་རེད་བསམ་གྱི་འདུག

སློབ་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཆགས་ཀྱི་ཡོད་པ་དང་། རྣམ་པ་ཚོ་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་བཞེས་མཁན་ཆགས་ཀྱི་ཡོད། དེ་ཡིན་དུས། སོ་སོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་མཁྱེན་དགོས་པ་གལ་ཆེན་པོ་ཆགས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་རྗེས། སློབ་ཕྲུག་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །