དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤི་ཏི་ཏ་པོ་ས་གནས་སུ་རྟེན་གཞི་བྱས་པའི་གསེར་ཀོང་སློབ་གྲྭའི་འཛིན་རིམ་དགུ་པའི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་བོད་དོན་སྐོར་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢  ཚེས་ ༢༡ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྤི་ཏི་ཏ་པོ་ས་གནས་སུ་རྟེན་གཞི་བྱས་པའི་གསེར་ཀོང་སློབ་གྲྭའི་འཛིན་རིམ་དགུ་པའི་སློབ་ཕྲུག་གྲངས་ ༡༦ དང་། ལས་བྱེད་ ༤ བཅས་ཐུག་འཕྲད་ཀྱིས་བོད་ཀྱི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་སྐོར། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་པ་དང་། ཧི་མ་ལ་ཡའི་མི་རིགས་དབར་གྱི་འབྲེལ་བ་སོགས་ཀྱི་ཐོག་གསུངས་གནང་སོང་།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཁོང་རྣམས་གྲོས་ཚོགས་སུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་སྦྲགས། གསུང་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། རིམ་པས། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་དང་། རྒྱ་གར་གཞུང་གིས་མཐུན་འགྱུར་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭ། དགོན་སྡེ། གཞིས་ཆགས་སོགས་གསར་འཛུགས་གནང་སྟེ་ད་ལྟ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ལོ་ལྔ་རེའི་མཚམས་ལ་འོས་བསྡུ་བྱས་ནས་སླེབས་ཀྱི་ཡོད་པ་དང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས། གནས་སྐབས་སུའང་གཞིས་བཞུགས་བོད་མིའི་དཀའ་ངལ་སེལ་ཐབས་སུ་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་སོགས་རེད།

དེ་བཞིན་བོད་པ་དང་། ཧི་མ་ལ་ཡའི་མི་རིགས་དབར་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་གཅིག་པ་ཡིན་པར་བརྟེན། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་མི་རིགས་གཅིག་ལྟ་བུར་ངོས་འཛིན་བྱེད་ཆོག་གི་ཡོད། དེ་ཡིན་དུས། ང་ཚོ་མཉམ་དུ་སོ་སོའི་མི་ཚེའི་བདེ་སྐྱིད་རེད། གཞན་རང་དབང་མེད་པའི་རྒྱལ་ཁབ་ཚོར་རྒྱབ་སྐྱོར་གནང་རྒྱུའི་དམིགས་ཡུལ་འཛིན་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། གལ་སྲིད་བོད་ཀྱི་བདེན་མཐའ་གསལ་ཐུབ་པ་ཡིན་ན། བོད་དེ་བཞིན་ཞི་བདེའི་བསྟི་གནས་ལྟ་བུར་བསྒྱུར་ཏེ། རྒྱ་དཀར་ནག་དབར་འཕགས་བོད་ས་མཚམས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་རང་བཞིན་གྱི་མེད་པར་ཆགས་ཀྱི་རེད་ཅེས་གསུངས་སོང་། མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་འབད་བརྩོན་གནང་སྟེ། སོ་སོའི་སྤྱི་ཚོགས་ནང་ཕན་ཐོགས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་གནང་སོང་།

གཞི་རྩའི་གསེར་ཀོང་སློབ་གྲྭའི་འཛིན་རིམ་དགུ་པའི་སློབ་ཕྲུག་རྣམས་བཞུགས་སྒར་རྡ་སར་ཉིན་གྲངས་ ༡༥ རིང་ཤེས་ཡོན་བསྐོར་བསྐྱོད་དུ་སླེབས་ཡོད་པ་བཅས། །