དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།


༄༅། །སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འབངས་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པའི་ལྷ་སྡེ་མི་སྡེ་ཐུན་མོང་ནས་གནས་མཆོག་རྡོ་རྗེ་གདན་དུ་༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་ཕྱི་ཚེས་ ༨ དང་། ༩ ཉིན་སོ་སོར་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུའི་ཐོག སྡེ་དགེ་དཔལ་ས་སྐྱའི་བརྟན་བཞུགས་གོ་སྒྲིག་ཚོགས་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྒྱུན་ལས་རྣམས་གདན་ཞུས་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྣམ་པ་རྒྱལ་ས་ལྡི་ལི་ནས་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༨ ནས་ ༡༠ བར་ས་གནས་སུ་མཛད་རིམ། ཕྱི་ཚེས་ ༡༡ ཉིན་ལྡི་ལི་བརྒྱུད་ཕྱི་ཚེས་ ༡༢ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །