དཔལ་ལྡན་ཚོགས་གཙོ་མཆོག་གིས་བུ་འཁྲིད་དཀར་པོ་ཆེ་ལགས་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། བུ་འཁྲིད་དཀར་པོ་ཆེ་ལགས་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་སྐབས་ ༤༣ པའི་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ནི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་ནང་མང་ཚོགས་འཕྲོད་བསྟེན་དང་། སྡོད་ཁང་། ཕྲུ་གུ་བལྟ་སྐྱོང་སོགས་དང་འབྲེལ་བའི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཆགས་ཀྱི་ཡོད། སྐུ་ཉིད་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་སྐབས་ ༤༣ པའི་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་དེས། ཕྱག་སྦྲེལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ས་གནས་མི་མང་ནས་སྐུ་ཉིད་ཀྱི་དབུ་ཁྲིད་དང་ལས་དོན་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། དེ་བཞིན་སྐུ་ཉིད་ནས་མངའ་སྡེའི་གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་འཆར། ༡༣༡། ལོ་ལྟར་ཕྱི་ཟླ་བདུན་པ་ནི། བོད་ཀྱི་རིག་གཞུང་གཅེས་སྐྱོང་ཟླ་བ་ (Tibetan Heritage month) ལ་སྲུང་བརྩི་བྱ་རྒྱུའི་ཁྲིམས་འཆར་གྲོས་ཚོགས་སུ་བསྣམས་ཏེ། གྲོས་ཚོགས་ནས་སྤྱི་མོས་ཀྱིས་ཁྲིམས་སུ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སྐུ་ཉིད་ཀྱི་གཟེངས་སུ་ཐོན་པའི་མཛད་རྗེས་དག་ལ་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པར་ཡང་སྔར་བཞིན་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

སྐུ་ཉིད་ཀྱི་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །