དཔལ་ལྡན་ཚོགས་གཙོ་མཆོག་གིས་བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཡར་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཡར་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་སླར་ཡང་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་དེས། ས་གནས་མི་མང་ནས་སྐུ་ཉིད་ཀྱི་དབུ་ཁྲིད་དང་ལས་དོན་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། སྐུ་ཉིད་ནས་ད་བར་ཨན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་མཛད་འགན་བཞེས་རིང་། ཁྱབ་ཁོངས་པག་ཌེལ་ (Parkdale) ཁུལ་གྱི་གནས་སྡོད་མི་མང་ཡོངས་ཀྱི་མངོན་འདོད་དེ་བཞིན་གཟི་བརྗིད་དང་སྤོབས་པ་ལྡན་པའི་ཐོག་བསྒྲུབས་གནང་ཡོད་པ་དང་། འབྱུང་འགྱུར་ཡང་དེ་ལྟར་གནང་རྒྱུའི་རེ་བ་ཡོད། དེ་བཞིན་སྐུ་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས། ཁེ་ན་ཌའི་གཞུང་མང་གཉིས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་འོག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་སྐོར་སོགས་བོད་དོན་ཞུ་སྐུལ་བསྟུད་མར་གནང་སྟེ། རྩ་དོན་ཐོག་རླབས་ཆེན་གྱི་ཞབས་འདེགས་ཞུས་ཡོད་པར། ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཉིད་ལ་སླར་ཡང་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །