དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གཉིས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༥ ཉིན་ཨོ་རི་ས་མངའ་སྡེའི་ཁོངས་དང་། བྷི་ཇེ་ཌི་སྲིད་དོན་ཚོགས་པ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མུ་ཛི་བྷུ་ལ་ ཁན་ (Shri. Muzibulla Khan, MP Rajya Sabha from Odisha) མཆོག་དང་། ཆ་ཏི་སི་གྷར་མངའ་སྡེའི་ཁོངས་དང་། ཀོང་རེ་སི་སྲིད་དོན་ཚོགས་པ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་ ཊི་ ཨེ་སི་ ཏུལ་སི་ (Shri. K. T. S. Tulsi, MP Rajya Sabha from Chhattisgarh) མཆོག་རྣམ་གཉིས་སོགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་དང་། དེ་བཞིན་ཕྱི་ལོ་ ༡༩༥༩ ནས་ད་བར་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་དེ་བཞིན་བཀའ་དྲིན་ཆེན་པོ་ཡིན་པ། བོད་ནང་གཞིས་བཞུགས་བོད་མི་རྣམས་མུ་མཐུད་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་སོགས་གསུངས་གནང་རྗེས། ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །