དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཨོ་ལ་ཧྥི་ཤོལ་ཛི་མཆོག་འཇར་མན་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ། 

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཨོ་ལ་ཧྥི་ཤོལ་ཛི་ (Olaf Scholz) མཆོག་འཇར་མན་རྒྱལ་ཁབ་ཀྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ཀྱི་མཁྱེན་ཡོན་དང་། ཉམས་མྱོང་བཅས་ལ་བརྟེན་ནས་འཇར་མན་རྒྱལ་ཁབ་སྔར་ལྷག་ཡར་རྒྱས་ཕྱོགས་སུ་སྣེ་ཁྲིད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། འཇར་མན་གཞུང་མང་གཉིས་ནས་ད་བར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་བོད་ནང་ཡོད་པའི་བོད་མི་རྣམས་མུ་མཐུད་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་ཡོད་པ་དང་། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཧ་ཅང་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པར་སོང་། སྐུ་ཉིད་ནས་བོད་ནང་ཡོད་པའི་སྨྲ་བརྗོད་རང་དབང་མེད་པའི་བོད་མི་ཚོའི་མགྲིན་ཚབ་པ་ཞིག་གནང་རྒྱུའི་རེ་བ་ཞུ་ཡི་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ནི་གཞིས་ལུས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཆབ་སྲིད་ཀྱི་ལང་ཕྱོགས་ཤིག་ཡིན། དེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་ཞིག་ཡིན།  ཕྱི་ལོ་ ༢༠༡༠ ལོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་དང་། དུས་དེ་ནས་བཟུང་ད་བར་ང་ཚོའི་ངོས་ནས་འབྲེལ་མོལ་མཐུད་ཐབས་སླད་ཐབས་ཤེས་ཡོད་རྒུ་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་ནས་དེར་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་རྩ་བ་ནས་སྤྲད་མེད། དེར་བརྟེན། སྐུ་ཉིད་ནས་བོད་རྒྱ་ཞི་བའི་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སླད་རྒྱབ་སྐྱོར་དང་། དེ་བཞིན་བོད་ཀྱི་རྩ་དོན་དང་། བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

འཚམས་འཕྲིན་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།འཚམས་འདྲིའི་འཕྲིན་ཡིག PDF