དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་བི་པིན་རཱ་ཝ་ཊ་ལགས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་བི་པིན་རཱ་ཝ་ཊ་ (Bipin Rawat) ལགས་དང་། ཁོང་གི་སྐུ་ཟླ་ལྕམ་སྐུ་མ་དྷུ་ལི་ཀཱ་རཱ་ཝ་ཊ་ (Madhulika Rawat) ལགས། བདེ་སྲུང་མཐོ་རིམ་ལས་བྱེད་མི་སྣ་གཞན་ཁག་ཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་བུ་མོ་ལྕམ་སྐུ་ཀིརི་ཏི་ཀ་རཱ་ཝ་ཊ་ (Kritika Rawat) ལགས་ཀྱིས་གཙོས་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་བུ་མོ་ལྕམ་སྐུ་ཀིརི་ཏི་ཀ་རཱ་ཝ་ཊ་ལགས་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་ཡབ་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་བི་པིན་རཱ་ཝ་ཊ་ (Bipin Rawat) ལགས་དང་། ཡུམ་ལྕམ་སྐུ་མ་དྷུ་ལི་ཀཱ་རཱ་ཝ་ཊ་ (Madhulika Rawat)  ལགས་རྣམ་གཉིས་ཀྱིས་གཙོས་བདེ་སྲུང་མཐོ་རིམ་ལས་བྱེད་མི་སྣ་གཞན་ཁག་ཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་།

སྐུ་ཞབས་བི་པིན་རཱ་ཝ་ཊ་ (Bipin Rawat) ལགས་ཀྱིས་རྒྱ་གར་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་དང་པོ་དང་། རྒྱལ་ཞེན་ཡོད་པའི་ཐོག་འགྲན་ཟླ་བྲལ་བའི་དམག་མི་བཅས་གནང་སྟེ་སྐུ་ཚེ་ཧྲིལ་པོར་རྒྱ་གར་རྒྱལ་ཁབ་ཀྱི་ཆེད་ཞབས་འདེགས་ཧུར་ཐག་ཞུས་གནང་བར་ང་ཚོས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དམ་པ་ཁོང་ནི་ཤེས་ཡོན་གྱི་གནས་ཚད་མཐོ་པོ་ཡོད་པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་གནང་མཁན་ཞིག་དང་། བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན། ཁོང་སྐུ་འཚོ་ཞུགས་སྐབས་སྡིངས་ཆ་འདྲ་མིན་ཐོག་བོད་ཀྱི་གནད་དོན་སྐོར་ལའང་གསུངས་གནང་ཡོད། དཀའ་ཁག་ཅན་གྱི་དུས་ཚོད་འདིར་ང་ཚོས་ཁྱེད་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །