དཔལ་ལྡན་ཚོགས་གཙོ་མཆོག་གིས་ “དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ།” ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་བ།


༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ཤེས་རབ་དར་རྒྱས་ལགས་ཀྱིས་འབྲི་རྩོམ་གནང་བའི་ “དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ།” ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དེ་བཞིན་སྐུ་མགྲོན་དུ་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་། བོད་ཡིག་དཔར་སྐྲུན་ཚན་པའི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་རྒན་བློ་གྲོས་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་དཔོན་རེ་མདོ་སེངྒེ་ལགས་བཅས་དང་། གཞན་སྤྱི་འཐུས་ཁག་ཅིག གསར་འགོད་པ་སོགས་འདུ་འཛོམས་གནང་བའི་ཐོག་ “དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ།” ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་། དེ་ནས་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་དཔེ་དེབ་སྐོར་ངོ་སྤྲོད་གསུང་བཤད་གནང་སོང་།

སྤྱིར་བཏང་ “དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ།” ཞེས་པའི་དཔེ་དེབ་ནང་བོད་གཞུང་དགའ་ལྡན་ཕོ་བྲང་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཕྱི་འབྲེལ་གྱི་མཛད་པ་ཕྱོགས་བསྡོམས། བོད་ཀྱི་སྐུ་ཚབ་རིམ་པ་ལ་སོགས་ཁྱོན་དཀར་ཆག་སུམ་ཅུ་སོ་བཞི་དང་། ཤོག་གྲངས་ ༥༩༩ འདུག་པ་དང་། དེའི་ནང་ད་བར་དུ་ཡོངས་ཁྱབ་ཏུ་མ་གླེང་བའི་གནད་དོན་གལ་ཆེ་འཁོད་པའི་ལོ་རྒྱུས་མང་པོ་ཞིག་གསལ་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚང་མར་འཚམས་འདྲི་དང་སྦྲགས་གསུང་དོན། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་དེབ་འདི་བརྩམ་རྒྱུའི་བྱུང་རིམ་དང་འབྲེལ་བའི་ཐོག་ནས་དང་པོ་དེབ་འདི་ཇི་ལྟར་བྱས་ནས་བརྩམས་གནང་བ་དང་། དེ་ཡང་གཙོ་བོ་དེབ་འཕྲེང་གཉིས་ཡོད་པའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་དེབ་དེ་ནས་དེབ་གཅིག་ཟུར་དུ་བྲིས་དགོས་པ་ཆགས་སོང་ཞེས་གསུངས་སོང་། ང་རང་སྒེར་ལ་ཆ་བཞག་ན། སྐུ་ངོ་ས་དབང་ཆེན་པོ་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་། ཐོག་མར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་སྐབས་སྐུ་ངོ་ང་ཚོ་ཚོགས་ཆུང་གཅིག་རེད་འདུག སྐབས་དེ་དུས་སྐུ་ངོ་མཆོག་གིས་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་གནང་བ་དེ་ཚོ་ཉན་རྒྱུའི་གོ་སྐབས་བྱུང་། དེ་བཞིན་སྐབས་བཅོ་ལྔ་པའི་སྤྱི་འཐུས་སྐབས་སུ་ང་ཚོགས་གཙོ་གཞོན་པ་ཡིན་སྐབས་སྐུ་ངོ་མཆོག་གྲོས་ཚོགས་ནང་ཕེབས་ཏེ་སྤྱི་འཐུས་རྒྱུན་ལས་རྣམ་པར་ཆུ་ཚོད་གཅིག་ཙམ་རིང་བཀའ་སློབ་གནང་བ་དང་། དེ་དུས་སྐུ་ངོ་མཆོག་གིས་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་སེམས་ཤུགས་ཆག་རྒྱུ་མེད་པ་དང་། དམིགས་བསལ་ཐབས་བྱུས་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཐབས་ལམ་མང་པོ་ཡོད་པ། དེ་ཚོའི་གྲས་མུ་མཐུད་ནས་ཤུགས་རྒྱག་དགོས་སྐོར་གསུངས་སོང་།  ང་རང་སྒེར་ངོས་ལ་སྐུ་ངོ་མཆོག་དང་ལྷན་དེ་འདྲའི་ཐོག་ནས་འབྲེལ་བ་བྱུང་བ་དེ་གཅིག་ཞུས་ན་བསམ་བྱུང་།

དེ་བཞིན་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་རེད། མཐུན་སྦྱོར་བ་སྒྱིས་ཚང་སྐལ་བཟང་དམ་ཆོས་ལགས་དང་། མཐུན་སྦྱོར་བ་ཧོར་གཙང་ནམ་མཁའ་བསྟན་འཛིན་ལགས། མཐུན་སྦྱོར་བ་སྣང་ར་རྟ་བྷེ་ལགས་བཅས་ནས་དེབ་འདི་ལ་དམིགས་བསལ་མཐུན་འགྱུར་དང་། སྐུ་ལས་བསྐྱོན་ནས་དེ་རིང་དངོས་སུ་ང་ཚོའི་མིག་ལམ་དུ་མཐོང་ཐུབ་པ་ཞིག་ཆགས་ཡོད་དུས། ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་གཅིག་དང་། དེབ་འདིའི་རིན་ཐང་ཕལ་ཆེར་ངས་བཤད་མི་དགོས་པ་ལྟ་བུ་རེད། སྲིད་ན་རྙེད་པར་དཀའ་བ་འདྲ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་བར་དུ་བོད་རྒྱ་འབྲེལ་མོལ་སྐོར་ལ་ང་ཚོ་མི་རབས་རྒན་པ་ཚོའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་དུམ་བུ་དུམ་བུ་འདྲ་པོ་ཞིག་མཇལ་རྒྱུ་ཡོད་བསྡད་པ་དེ་ང་ཚོས་གང་ཙམ་མཇལ་གྱི་ཡོད་རེད། གཞན་གཞུང་འབྲེལ་གྱི་ཡིག་ཆ་བཀའ་ཤག་གི་ཚིག་ཐོ་དེ་ཚོ་ཡོད་རེད། དེ་ཚོཡོངས་བསྒྲགས་མཇལ་རྒྱུ་ཡོད་མ་རེད། དེ་ཡིན་དུས། འདི་འདྲའི་དེབ་གཅིག་ཕྱོགས་བསྒྲིགས་གནང་ནས་གང་ལ་གང་འཚམ་ཞིག་མཇལ་རྒྱུ་ཡོད་པ་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག དེ་ཡིན་དུས་རྩོམ་པོ་པོར་སྙིང་ཐག་པ་ནས་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཙོ་བོ་བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་སྐོར་དེར། གོང་དུ་གསུང་བཤད་གནང་མཁན་ཚང་མས་བོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དེ་བཞིན་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་ཉེ་རབས་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་གསུངས་སོང་། དེབ་འདིའི་ནང་ལའང་དེ་ལྟར་བྲིས་ཡོད་པ་འདྲ། གཞན་༧རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་། ༧རྒྱལ་དབང་སྐུ་ཕྲེང་བདུན་པ། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ། དེ་ནས་ཕྱི་འབྲེལ་གྱི་སྲིད་བྱུས་འཛིན་སྟངས་དང་། ཉེ་རབས་ཀྱི་འབྲེལ་བ་བྱུང་སྟངས་སོགས་དེབ་འདིའི་ནང་གསལ་པོར་བྲིས་ཡོད་པ་འདྲ། དེ་ཡིན་དུས་དེ་ཚོ་ང་ཚོས་རིམ་པས་མཇལ་ཆོག་གི་རེད་བསམ་གྱི་འདུག རྩ་བའི་བོད་རྒྱ་འབྲེལ་མོལ་ཟེར་བ་དེ་ལས་སླ་པོ་ཞིག་རྩ་བ་ཉིད་ནས་མིན་པ་དང་། མི་རིགས་ཀྱི་རྩ་དོན་གྱི་ཐག་གཅོད་བྱ་རྒྱུའི་གནད་འགག་ཅིག་ཆགས་ཀྱི་ཡོད་རེད། སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། དུས་རབས་ཉི་ཤུ་པའི་ནང་ལ་མི་གསོད་ཁྲག་སྦྱོར་དང་། དམག་འཁྲུག་མང་པོ་བྱུང་ནས་གཅིག་གིས་གཅིག་ལ་དབང་བསྒྱུར་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ད་ལྟ་ཡིན་ནའང་དེ་འདྲ་ཏོག་ཙམ་ཡོང་བསྡད་ཀྱི་ཡོད་རེད། ཡིན་ནའང་ལེགས་པའི་ཆ་ཞིག་ལ་ད་ཆ་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་ཕན་ཚུན་སྐད་ཆ་བཤད་ནས་གནད་དོན་གསལ་ཐུབ་དགོས་པའི་ཕྱི་འབྲེལ་སྲིད་བྱུས་འཛིན་གྱི་ཡོད་པ་མ་ཟད། དེང་སང་ཤུགས་ཆེ་རུ་འགྲོ་གི་ཡོད་རེད། ཨིན་ཇིའི་སྐད་ནང་ (Diplomatic) ཟེར་གྱི་འདུག ཕྱི་འབྲེལ་གྱི་སྲིད་བྱུས་ཐོག་གི་མཁས་པ་ཚོས་ཀྱང་གྲོས་མོལ་གལ་ཆེན་པོར་བརྩིས་བསྡད་པའི་དུས་ཚོད་ཅིག་སླེབས་ཡོད་རེད། དེ་འདྲའི་ཐོག་ནས་བོད་ཀྱི་གནད་དོན་ཐོག་ལ་ཡིན་ནའང་། ཏན་ཏན་གྱིས་ང་ཚོས་རེ་བ་བརྒྱབ་ས་ཡོད་པ་དེ་འདྲའི་ཐག་གཅོད་གཅིག་གི་ཐོག་ལ་འགྲོ་ཐུབ་རྒྱུའི་རེ་བ་རྒྱག་ཆོག་པ་གཅིག་རེད། གཙོ་བོ་ལོ་རྒྱུས་ཀྱི་གནས་བབ་དེ་ལོ་རྒྱུས་ཐོག་ནས་འགྲོ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཡང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་ང་ཚོས་ཐག་གཅོད་གང་བྱས་པ་ཡིན་ནའང་། དེ་ཚད་དང་ལྡན་པ་ཞིག་དང་། རྒྱུ་མཚན་ཡོད་པ་ཞིག་གི་ཐོག་འགྲོ་ཐུབ་དགོས་པ་དེ་ཡང་གནད་དོན་གཅིག་རེད་བསམ་གྱི་འདུག

བོད་རྒྱ་འབྲེལ་མོལ་ཐོག་གནད་དོན་གལ་ཆེ་ཤོས་ཤིག་ཟེར་ན་འདྲ། མེད་ན་མེད་ཐབས་མེད་པའི་གནས་ཚུལ་གཅིག་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་དང་། མཛད་པ་འཕྲིན་ལས་ཆགས་བསྡད་ཀྱི་ཡོད་རེད། དེའི་གནས་སྟངས་ཐོག་ནས་ང་ཚོར་གོ་སྐབས་བྱུང་ན་བྱུང་རེད་བསམ་གྱི་འདུག དེ་མིན་པའི་གནས་ཚུལ་ཞིག་སླེབས་པ་ཡིན་ན། ང་ཚོས་ཐབས་བྱུས་འདྲ་པོ་གང་འདྲ་ཞིག་འདིང་དགོས་པའི་བསམ་བློ་གཏོང་དགོས། དེ་ཚོའི་གྲས་ང་ཚོས་ད་ལྟ་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་མིན་གསལ་པོ་ཞུ་ཐུབ་ཀྱི་མ་རེད། འོན་ཀྱང་སེམས་ནང་དངངས་འཚབ་འདྲ་པོ་ཞིག་ཡོང་གི་ཡོད་རེད། དེ་ང་ཚོ་ཚང་མར་ཡོང་དགོས་ཀྱི་རེད་བསམ་གྱི་འདུག ད་ལྟ་ཐབས་བྱུས་ཚོགས་ཆུང་གསུང་གི་ཡོད་རེད། དེ་སྔོན་བོད་རྒྱ་ཞི་མོལ་ཚོགས་ཆུང་ཐོག་ནས་གསལ་བསྒྲགས་སྔ་རྗེས་སྤེལ་བར་བལྟས་པར་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཐོག་ནས་འབྲེལ་མོལ་ཡོང་རྒྱུ་མ་གཏོགས། བོད་མིའི་སྒྲིག་འཛུགས་དང་། སྒེར་གྱི་ངོ་བོའི་ཐོག་ནས་འབྲེལ་ལམ་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད་ཅེས་ཐག་བཅད་ནས་གཞུང་འབྲེལ་གྱི་བཀའ་མོལ་གསུངས་ཡོད་རེད། ད་ལྟའི་གནས་སྟངས་ཧ་ཅང་གི་ཛ་དྲག་གཉན་འཕྲང་ཅན་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་ཚོའི་གནས་སྟངས་ལ་ང་ཚོས་བགྲོ་གླེང་དང་། མ་འོངས་པའི་མདུན་བསྐྱོད་ཐོག་ད་ལྟ་ནས་གྲ་སྒྲིག་བྱེད་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

སྔོན་མ་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ལ་བོད་རྒྱ་འབྲེལ་མོལ་སྐོར་ལ་ཉན་ཞིབ་ཅིག་ཚོགས་པ་རེད། སྐབས་དེ་དུས་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་ལ། ཕྱི་ལོ་ ༢༠༠༢ ལོར་བོད་རྒྱ་འབྲེལ་མོལ་འགོ་འཛུགས་སྟངས་དེ་རྒྱ་ནག་ནས་ཚུར་འབྲེལ་མོལ་བྱེད་དགོས་རེད་ཟེར་ནས་འགོ་བཙུགས་པ་རེད་དམ་ཡང་ན་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཀྱི་ཐོག་ནས་ཕར་འབྲེལ་མོལ་བྱེད་དགོས་རེད་ཟེར་ནས་འགོ་བཙུགས་པ་རེད་ཅེས་ཞུས་ཡོང་དུས། རིན་པོ་ཆེའི་བཀའ་ལན་དུ། ང་ཚོས་རྒྱ་ནག་ལ་ཕར་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱས་པའི་རྐྱེན་གྱིས་ཚུར་འབྲེལ་བ་གནང་བ་རེད་མ་གཏོགས། རྒྱ་ནག་གཞུང་གིས་དང་པོ་ནས་ཚུར་འབྲེལ་བ་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་བྱུང་ཡོད་མ་རེད་ཅེས་གསུངས་སོང་། དེ་གསལ་པོ་རེད། ང་ཚོ་ད་ལྟ་འགན་ཁུར་མཁན་ཚོའི་ངོས་ནས་མ་འོངས་པར་དེའི་ཐོག་ལ་གོམ་པ་སྤོ་ཐུབ་རྒྱུར་རིམ་པས་ཤུགས་རྒྱག་དགོས་པ་དེ་གནད་འགག་ཅིག་རེད་འདུག དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་འགན་ཁུར་མཁན་ཡིན་ནའང་འདྲ། རྒྱལ་སྤྱིའི་ནང་ཡོད་པའི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་གནས་སྟངས་ཡིན་ནའང་འདྲ། དེ་མ་ཡིན་པའི་ཕྱི་འབྲེལ་གྱི་སྲིད་བྱུས་ཐོག་ནས་ཇི་ལྟར་ཤུགས་རྒྱག་དགོས་པ་དང་། མདུན་བསྐྱོད་བྱ་རྒྱུའི་ཐོག་གཞུང་འབྲེལ་ཐོག་ནས་གནང་དགོས་ཀྱི་རེད་ལ། སྒེར་གྱི་འབྲེལ་བའི་ཐོག་ནས་ཕར་ཚུར་འབྲེལ་མོལ་མཐུད་རྒྱུའི་ཐབས་ཤེས་ཡོང་གི་རེད། དེ་ཚོའི་གྲས་ལ་རྣམ་དཔྱོད་ཡོད་མཁན་དང་། ནུས་པ་ཡོད་མཁན་ཚོས་དུས་ཚོད་གཏོང་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

གནད་དོན་གཞན་ཞིག་སྔོན་མ་སྐུ་ཚབ་སྔ་རྗེས་བོད་ནང་ཕེབས་པའི་སྐབས་སུ། བོད་ནང་གཞིས་བཞུགས་བོད་མི་ཚོས་སྐུ་ཚབ་རྣམ་པར་བླ་མ་བླ་ཆེན་ལྟར་ཚང་ཁ་གཤིག་གཤིག་ངང་སྣེ་ལེན་མཇལ་ཁ་ཞུས་ཡོད་རེད། སྐབས་དེ་དུས་བོད་ཕྱི་ནང་གི་གནས་ཚུལ་ཤེས་རྒྱུ་ཧ་ཅང་གི་ཁག་པོ་རེད། དེང་སང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་བོད་ཕྱི་ནང་གི་གནས་ཚུལ་ཚང་མས་ཤེས་བསྡད་ཀྱི་ཡོད་རེད། ད་ལྟའི་གནས་སྐབས་སུ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་གནང་སྟངས་ཐོག་བལྟས་པ་ཡིན་ན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་མཁན་དང་། གནད་ཡོད་མི་སྣ་ཁག་ལ་མཐོང་ཆུང་གི་རྣམ་པ་འདྲ་མང་པོ་ཐོན་ཡོང་གི་འདུག སྤྱིར་བཏང་སྤྱི་ཚོགས་ཚང་མའི་ནང་དེ་འདྲ་ཡིན་སྲིད་པ་རེད། དེ་ཕྱོགས་གཅིག་ནས་འགན་ཁུར་མཁན་ལ་ནོར་འཁྲུལ་ཡོད་སྲིད་པ་རེད། ཕྱོགས་གཞན་ཞིག་ནས་དེ་ཚོ་སོ་སོའི་བསམ་བློ་གཏོང་ཕྱོགས་ཀྱི་གནས་སྟངས་ཐོག་ནས་ཡོང་བསྡད་ཀྱི་ཡོད་རེད། དེ་འདྲ་ཤུགས་ཆེན་པོ་ཡོང་བ་ཡིན་ན། མ་འོངས་པར་ང་ཚོ་སྐུ་ཚབ་གཏོང་རྒྱུའི་གོ་སྐབས་ཤིག་བྱུང་བ་ཡིན་ན། དེ་ལ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཡིད་ཆེས་ག་ཚོད་བྱེད་ཐུབ་ཀྱི་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཐོག་ལ་ག་ཚོད་ཡིད་ཆེས་བྱེད་ཐུབ་ཀྱི་རེད། དེ་ཚོའི་གྲས་ང་ཚོ་གཞི་རིམ་མང་ཚོགས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པ་གནད་འགག་རེད་བསམ་གྱི་འདུག་ཅེས་གསུངས་གནང་སོང་།

གཞན་ཡང་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་། བོད་ཡིག་དཔར་སྐྲུན་ཚན་པའི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་རྒན་བློ་གྲོས་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་དཔོན་རེ་མདོ་སེངྒེ་ལགས་བཅས་ནས་གསུང་བཤད་གནང་སོང་།

རྩོམ་པ་པོ་ཤེས་རབ་དར་རྒྱས་མཆོག་ནི་ཕྱི་ལོ་ ༡༩༦༧ ལོར་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་གི་ཁོངས་གཏོགས་ཧོར་ཞེས་པའི་སྡེ་བར་ཕ་བློ་རྒན་དང་། མ་དམ་པ་འཕགས་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ལོ་བདུན་ལ་སོན་པ་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་ཏེ་མཐར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཞུགས། ཕྱི་ལོ་ ༡༩༨༥ ལོར་སྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་པའི་དགོན་པ་ཆེན་པོ་དེར་བསྐྱོད། བསྡུས་ཚད་ཀྱི་གཞུང་ལ་སྦྱངས། བརྡ་དག་དང་རྩོམ་རིག་སོགས་ལ་ཞོར་སྦྱོང་གནང་། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་ལ་བྲོས་བྱོལ་གྱིས་བཞུགས་སྒར་རྡ་རམ་ས་ལ་དང་། ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས། སློབ་ཞོར་དུ་དགེ་རྒན་དང་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་ཡང་བསྒྲུབས། ཕྱི་ལོ་ ༢༠༠༠ ལོར་ཨ་རིར་ཕེབས་ཏེ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བསམ་བློ། གོམས་སྲོལ་སོགས་ལ་དོ་སྣང་ཆེས་ཆེར་གནང་། “ནུབ་ཕྱོགས་འགྲིམས་པའི་གཏམ་” ཞེས་བྱ་བ་དེབ་གསུམ་དང་། “དུས་འཁོར་རྒྱུད་འགྲེལ་འཆད་ཐབས་རིགས་ལྡན་བླ་མ་མཉེས་པའི་མཆོད་ཡོན་” སོགས་ཕྱག་དཔེ་མང་པོ་བྲིས་ཤིང་། ལྷག་པར་དུ་ “ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་” ཞེས་བྱ་བའི་དཔེ་དེབ་བོད་བསྒྱུར་ཞུས། ད་བར་ཁོང་གིས་བྲིས་བསྒྲིགས་བསྒྱུར་གསུམ་བྱས་པ་བསྡོམས་ན་དེབ་གྲངས་ ༢༠ ལྷག་ཡོད་འདུག་པ་བཅས། །