དཔལ་ལྡན་ཚོགས་གཙོ་མཆོག་གི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

༄༅། །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། ད་རེས་གྲོས་ཚོགས་སུ་ཆིབས་བསྒྱུར་གནང་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། ཐོག་མ་དེར་ཚང་མར་བདེ་ཞིང་སྤྲོ་བའི་ངང་ཆིབས་བསྒྱུར་གནང་ཐུབ་པ་དེར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གི་གྲོས་ཚོགས་འདིའི་ནང་ལས་རིམ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་བཅུ་དྲུག་ཙམ་ཞིག་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་རེད། དེ་ནས་གཙོ་བོ་ཕྱི་ཟླ་ ༣ པ་འདི་ནམ་རྒྱུན་ག་དུས་ཡིན་ནའང་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རྩིས་ལོ་ ༢༠༢༡༌༌༌༢༠༢༢ ལོའི་སྔོན་རྩིས་གཏན་འབེབས་ཞུ་རྒྱུ་རེད། དེ་མ་ཡིན་པ་གྲོས་ཚོགས་འདིར་བཀའ་ཤག་གི་གསལ་བཤད་ཡོད། དེ་ནས་བཀའ་ཤག་གི་གསལ་བཤད་ཐོག་ལ་བགྲོ་གླེང་གནང་རྒྱུ་རེད། དེ་མ་ཡིན་པ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང་། དེའི་ཐོག་ལ་བགྲོ་གླེང་གནང་རྒྱུ། དེ་བཞིན་ཁྲིམས་བཟོའི་ལས་དོན་དང་གྲོས་ཆོད་གྲོས་འཆར། དྲི་བ་དྲིས་ལན་བཅས་ད་ལྟ་བློར་ཤར་བ་ལས་རིམ་དེ་དག་ཡིན།

ལོ་འཁོར་མོ་འདིའི་ནང་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་འདིས་རྐྱེན་པས། སྤྱི་ཡོངས་སུ་སྐུ་ངལ་ཆེན་པོ་ཞིག་བྱུང་བ་རེད། ལས་དོན་མང་པོ་ཞིག་གནང་མ་ཐུབ་པའི་གནས་སྟངས་ཆགས་པ་རེད། ཡིན་ནའང་ད་རེས་སྟབས་ལེགས་པ་ཞིག་ལ་ད་ལྟ་འདིར་ཚོགས་བཅར་གནང་མཁན་ཚང་མ་ལ་ཏོག་དབྱིབས་ཀྱི་ནད་རྟགས་མེད་པའི་ཐོག་ནས་བཅར་ཐུབ་པར། ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོ་ཚོགས་འདུ་བསྡུ་བསྐོང་གནང་མཁན་ཡིན་པར་བརྟེན་བློ་བདེ་པོ་ཞེ་དྲགས་བྱུང་སོང་། འདིའི་སྔོན་ལ་གྲོས་ཚོགས་ཀྱི་ཚོགས་འདུ་འདི་གང་འདྲ་ཞིག་ཆགས་ཡོང་བསམ་པའི་སེམས་འཚབ་ཞེ་དྲགས་ཡོད། ལྷག་པར་དུ་ད་ལྟའི་དུས་ཚོད་ལ་རྒྱ་གར་གྱི་ནང་ལ་ཛ་དྲག་ཏུ་འགྲོ་བའི་གནས་བབ་ཅིག་ཆགས་ཡོད་དུས། ད་ལྟ་ང་ཚོའི་ཁྱིམ་མཚེས་མངའ་སྡེ་ Punjab ལ་འཕེལ་བཞིན་པའི་གནས་སྟངས་དེ་འདྲ་ཞིག་ཆགས་འདུག དེར་བརྟེན་ང་ཚོའི་གྲོས་ཚོགས་འདི་ཉིན་གྲངས་ ༡༥ ཆ་ཚང་བ་ཞིག་འཚོགས་ཐུབ་ཀྱི་ཡོད་དང་མེད་ངེས་པ་མི་འདུག ཡིན་ནའང་གནས་སྟངས་ལ་གཟིགས་ཀྱིན་གཟིགས་ཀྱིན་གནང་རྒྱུ་རེད། ཡང་ཉིན་ ༡༥ དེ་ཡང་ལས་རིམ་འགྲུབ་པ་ཡིན་ན། ངེས་པར་དུ་ཉིན་ ༡༥ ཞུགས་དགོས་ཀྱི་ཡོད་པ་མ་རེད། དེའི་སྔོན་ལ་གྲོལ་བརྡ་བཏང་བ་ཡིན་ནའང་། གཏང་མི་ཆོག་པ་གང་ཡང་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

དེ་ནས་ད་ལྟའི་ཆར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་གནས་བབ་ཆགས་བསྡད་ཡོད་པ་རེད། དེ་སྔའི་གནས་བབ་དང་བསྟུན་ན་ད་རེས་ཀྱི་སྔོན་འགྲོའི་འོས་བསྡུ་འདི་བཀྲ་མ་ཤིས་པ་མ་བྱུང་བའི་ཐོག་ནས། ཕྲ་ལ་ཕྲན་བུ་དཀའ་ངལ་བྱུང་ཡོད་ཀྱི་རེད་མ་གཏོགས། ང་ཚོ་ལ་མི་དགོས་པ་འདི་བྱུང་མ་སོང་བསམ་པའི་ཚོར་སྣང་བྱུང་། དེ་འདྲ་ཡིན་པར་སོང་། ད་ལྟ་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་བསླེབ་ལ་ཉེ་བར་ཆགས་ཡོད་རེད། ང་རང་ཚོས་གྲོས་ཚོགས་སྡིངས་ཆ་འདིའི་བརྒྱུད་ནས་སྤྱི་ཚོགས་ནང་དུ་ལབ་གླེང་མེད་པ་ཞིག་བཟོ་དགོས་རྒྱུའི་འགན་ང་ཚོ་ཚང་མར་ཡོད་པ་རེད། དེར་བརྟེན་ང་རང་ཚོའི་བཀའ་མོལ་གནང་སྟངས་དང་། ཚིག་མཐོ་མན་ཕྲན་བུ་བྱུང་བ་ལ་བརྟེན་ནས། སྤྱི་ཚོགས་ནང་དུ་ལབ་གླེང་ཆགས་པ་ཡིན་ན། བློ་ཕམ་པའི་གནས་སྟངས་ཆགས་ཀྱི་རེད། དེ་འདྲ་ཡིན་ཙང་ཚང་མས་ཐུགས་འགན་བཞེས་པའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་འདི་བཀྲ་ཤིས་པའི་ངང་མཇུག་བསྒྲིལ་རྒྱུར་ཚང་མས་མཐུན་འགྱུར་གནང་རོགས་གནོངས་ཞུ་རྒྱུ་ཡིན།

ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་འདི་དང་འབྲེལ་བའི་ཐོག་ལ་ང་ཚོར་ལམ་སྟོན་གནང་བར། གྲོས་ཚོགས་འཚོགས་པའི་རིང་ལ་ཚང་མས་ཞལ་རས་འདི་བསྐྱོན་ནས་བཞུགས་རོགས་གནོངས། དེས་ཁ་པར་ལ་སོགས་པར་བར་ཆད་གང་ཡང་ཡོང་གི་མ་རེད་ཅེས་གསུངས་ཀྱི་འདུག དེ་ནས་ང་རང་ཚོ་འཚོགས་བཅར་བ་འཐུས་མི་སུ་འདྲ་ཞིག་ལའང་ཚ་བ་རྒྱས་པ་དང་། སྣ་ཆུ་འཛག་པ་ལ་སོགས་པ་བྱུང་བ་ཡིན་ན། ང་ཚོའི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལྷ་མོ་ལགས་དང་། བསྟན་འཛིན་སྨོན་སྐྱིད་ལགས་གཉིས་ཆེད་དུ་གཉེར་ནས། ནད་ཡམས་འདི་དང་འབྲེལ་བའི་ཐོག་ནས་བརྡ་ལན་གནང་མཁན་ཞིག་ཆགས་བསྡད་ཡོད་པ་རེད། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་ཁོང་གཉིས་སུ་རུང་ཞིག་ལ་གསུང་རོགས་གནོངས། ཁོང་གཉིས་ནས་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ལ་འབྲེལ་བ་གནང་གི་རེད། དེ་ལ་གཞིགས་པའི་ཁོང་རྣམ་པས་མཐུན་འགྱུར་གནང་གི་རེད་ཅེས་ཞུ་རྒྱུ་ཡིན། དེ་ནས་གྲོས་ཚོགས་མ་ཚུགས་སྔོན་ལ་ནད་ཡམས་འདི་དང་འབྲེལ་བའི་སྔོན་འགོག་ལ་སོགས་པའི་ཐོག འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར་གཉིས་ཀྱིས་ཚོགས་གཙོ་སྦྲེལ་པོར་ཆེད་བཅར་གནང་སོང་། དེའི་རྗེས་སུ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་དབུས་པའི་འབྲེལ་ཡོད་ལས་བྱེད་ཁག་ཕེབས་སོང་། གང་ལྟར་ང་རང་ཚོའི་ངོས་ནས་ནད་ཡམས་འདི་འགོས་ཁྱབ་མ་ཡོང་བའི་ཆེད་དུ་ཚང་མས་དམ་དོན་གནང་རོགས་གནོངས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།