དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་དཱ་དུ་མཱནྡྲེ་ཀར་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་གར་གྷོ་ཝ་ (Goa) མངའ་སྡེ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་དཱ་དུ་མཱནྡྲེ་ཀར་ (Dadu Mandrekar) ལགས་དགུང་ལོ་ ༦༠ ཡི་ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་དཱ་དུ་མཱནྡྲེ་ཀར་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

སྐུ་ཞབས་དམ་པ་དཱ་དུ་མཱནྡྲེ་ཀར་ལགས་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་རང་ཉིད་ཀྱི་དུས་ཚོད་དང་ནུས་ཤུགས་བཏོན་གནང་ཡོད་པ་དང་། ཁོང་གིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུའི་ཐོག་ཕྱག་ལས་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམ་པ་ཁོང་ནི་མཁྱེན་རྒྱ་ཆེ་བའི་མི་སྣ་ཞིག་ཡིན་ཞིང་། ཁོང་གིས་མ་རཱ་ཋིའི་ (Marathi) སྐད་ཡིག་སོགས་ཀྱི་ནང་བོད་དོན་སྐོར་ལ་དཔེ་དེབ་ཁག་ཅིག་བྲིས་གནང་ཡོད། དམ་པ་ཁོང་གིས་བོད་དོན་ཐོག་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བ་དེ་ཡི་རངས་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་ཁོང་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན།

དེ་བཞིན་དམ་པ་ཁོང་སྐུ་འཚོ་ཞུགས་རིང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། གྷོ་ཝ་མངའ་སྡེའི་ནང་པར་རིས་ཀྱི་ལམ་ནས་བོད་དོན་ལས་འགུལ་སྤེལ་བ་སོགས་བོད་དོན་ལས་འགུལ་མང་དག་ཅིག་གོ་སྒྲིག་ཞུས་གནང་ཡོད། བོད་དོན་རྒྱབ་སྐྱོར་བ་དམ་པ་ཁོང་ལྟ་བུ་ཡོད་པར་བརྟེན་ནས་ང་ཚོས་གྷོ་ཝ་མངའ་སྡེའི་ནང་བོད་དོན་ལས་འགུལ་གང་མང་སྤེལ་ཐུབ་པ་བྱུང་ཡོད། དམ་པ་ཁོང་གིས་ང་ཚོའི་རྩ་དོན་ཐོག་ཕྱག་ལས་གནང་བ་རྣམས་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད།

ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། དམ་པ་ཁོང་སྐུ་གཤེགས་པ་དེས་ང་ཚོར་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །