དཔལ་ལྡན་ཚོགས་གཙོ་མཆོག་གིས་ཧར་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སོ་ཝ་མི་ཨགྷ་ནི་ཝེ་ཤི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་། ཧར་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ། ཨརྱ་སཱ་མཱ་ཇ་ཚོགས་པའི་དབུ་འཁྲིད་སོ་ཝ་མི་ཨགྷ་ནི་ཝེ་ཤི་ (Swami Agnivesh) མཆོག་སྐུ་ཚེའི་འཕེན་པའི་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་དང་རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

འཛམ་གླིང་ཨརྱ་སཱ་མཱ་ཇ་ལྷན་ཚོགས་ཀྱི་ད་ལྟའི་ཚོགས་གཙོ་སོ་ཝ་མི་ཨརྱ་ཝེ་ཤི་མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཕྱི་ལོ་ ༡༩༨༡ ལོར་སོ་ཝ་མི་ཨགྷ་ནི་ཝེ་ཤི་དམ་པ་མཆོག་གིས་ཚེ་གཡོག་ངལ་རྩོལ་པ་མེད་པ་བཟོ་རྒྱུའི་ཆེད་ (Bonded Labour Liberation Front) ཞེས་པའི་ཚོགས་པ་གསར་འཛུགས་གནང་སྟེ། ཚེ་གཡོག་ངལ་རྩོལ་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བའི་ཐོག་ནས་དམ་པ་ཁོང་སྙན་གྲགས་ཆེན་པོ་ཆགས་ཡོད།

དམ་པ་ཁོང་ཕྱི་ལོ་ ༢༠༠༤ ནས་ ༢༠༡༤ བར་རྒྱལ་སྤྱིའི་ནང་ཡོད་པའི་ཨརྱ་སཱ་མཱ་ཇ་ཚོགས་པ་མཐོ་ཤོས་འཛམ་གླིང་ཨརྱ་སཱ་མཱ་ཇ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད། དམ་པ་ཁོང་ནི་ཆོས་ལུགས་ནང་ཁུལ་འབྲེལ་མོལ་གནང་དགོས་གསུང་མཁན་གྱི་མི་སྣ་ཞིག་དང་། དེ་བཞིན་བུད་མེད་མངལ་དབྱུང་དང་། བུད་མེད་ཚེ་གཡོག་བཅས་ལ་ངོ་རྒོལ་གནང་རྒྱུ་སོགས་སྤྱི་ཚོགས་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་མཁན་ཞིག་ཀྱང་ཡིན།

སོ་ཝ་མི་ཨགྷ་ནི་ཝེ་ཤི་དམ་པ་མཆོག་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། དམ་པ་ཁོང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་རྒྱལ་སྒོ་ (India Gate) དང་། ཇན་ཏར་མན་ཏར་ (Jantarmantar) སོགས་ལ་དུས་ནས་དུས་སུ་བོད་དོན་ལས་འགུལ་ནང་ཐུགས་འཁུར་ཆེན་པོའི་ཐོག་ནས་མཉམ་ཞུགས་གནང་གི་ཡོད།  ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་རྒྱ་ནག་ནང་རྩེད་རྒྱུར་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གསུང་བཤད་གནང་ཡོད།

དེ་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་ཁོང་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམ་པ་ཁོང་གི་རྗེས་འབྲངས་པ་རྣམས་ནས་མུ་མཐུད་ཁོང་གི་དགོངས་གཞི་བསྒྲུབ་རྒྱུ་དང་། ཁོང་ལྟར་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད།

དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད། ངས་སླར་ཡང་ཁྱེད་དང་། དམ་པ་ཁོང་གི་རྗེས་འབྲངས་པ་ཚོར་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་ས་འཁོད་གནང་འདུག་པ་བཅས། །