བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེ་ཀལ་ ཝན་ ཝལ་ཊ་ ཝན་ པཱ་རག་མཆོག་ལ་ནི་ཐར་ལན་ཌི་གཞུང་གིས་མི་སེར་ཆེ་བསྟོད་གཟེངས་རྟགས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ཝལ་ཊ་ཝན་པཱ་རག་ (Dr. Michael van Walt van Praag) མཆོག་ལ་ནི་ཐར་ལན་ཌི་གཞུང་གིས་ཡུལ་དེའི་མི་སེར་ཆེ་བསྟོད་གཟེངས་རྟགས་ (The Order of Orange-Nassau) ཞེས་པ་གནང་བར་འཚམས་འདྲི་ཞུས་གནང་།

འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ནང་ཡོད་པའི་སྐུ་ཚབ་མེད་པ་དང་གཉའ་ནོན་འོག་ཡོད་པའི་རྒྱལ་ཁབ་ཁག་དང་། གྲངས་ཉུང་མི་རིགས་བཅས་ལ་རྒྱབ་སྐྱོར་གྱིས་བསྔགས་འོས་སུ་གྱུར་བའི་ཕྱག་ལས་གནང་བར་ངོས་འཛིན་གྱིས་ནི་ཐར་ལན་ཌི་གཞུང་ནས་ཡུལ་དེའི་མི་སེར་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ་ཚོར་མཚོན་ན་དགའ་འོས་པའི་གནས་ཚུལ་ཞིག་ཡིན། ཁྱེད་ཀྱིས་བོད་ཚུད་པའི་འཛམ་གླིང་ནང་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆེད་སྐུ་ངལ་ཧ་ཅང་བསྐྱོན་ཡོད།

སྐུ་ཞབས་ཁྱེད་དུས་ཡུན་རིང་པོའི་སྔོན་ནས་བོད་མི་དང་། བོད་ཀྱི་འཐབ་རྩོད་ཐོག་བློ་ཉེ་པོ་གནང་མཁན་ཞིག་ཡིན་སྟབས། བོད་དོན་ཐོག་ཡུན་རིང་ཤོས་རྒྱབ་སྐྱོར་གནང་མཁན་གྲས་ཤིག་ཡིན། དེ་བཞིན་སྐུ་ཞབས་ཁྱེད་ནི་བོད་དོན་ཐོག་རྒྱུས་མངའ་ཡག་པོ་ཡོད་པར་བརྟེན། བོད་དོན་ཐོག་མིག་དཔེར་འོས་པའི་ཕྱག་ལས་མང་པོ་གནང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་ལྷན་ཚོགས་རིམ་པར་མཉམ་ཞུགས་ཀྱང་གནང་ཡོད། ལྷག་པར་དུ་སྐུ་ཞབས་ཁྱེད་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་མང་པོའི་རྒྱབ་ལྗོངས་དཔེ་དེབ་བཟོ་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རོགས་པ་གནང་ཡོད། ཁྱེད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་དང་སྐུ་ངལ་ཧ་ཅང་བསྐྱོན་པར་ངས་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཁྱེད་ཀྱིས་ང་ཚོའི་འཐབ་རྩོད་ཐོག་ཐབས་ཤེས་ཡོད་རྒུས་ཕྱག་ལས་གནང་རྒྱུར་ཐེ་ཚོམ་གང་ཡང་གནང་གི་མེད་པ་དང་། དགོས་མཁོ་བྱུང་ཚེ་ག་དུས་ཡིན་ནའང་དེ་གར་ཕེབས་ཀྱི་ཡོད། བྱས་ཙང་ཁྱེད་ཀྱིས་བོད་དོན་ཐོག་ལེགས་སྐྱེས་གང་ཡོད་ཕུལ་བར་ང་ཚོས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེས་ཁྱེད་ཀྱིས་དྲང་བདེན་ལ་ཇི་ཙམ་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད།

ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་འགྲོ་བཞིན་པའི་ཁྲོད་གཏམ་བཟང་དེ་འདྲ་ཞིག་གོ་བ་དེས་ང་ཚོར་འོད་ཟེར་དང་དགའ་ཚོར་སྦྱིན། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སླར་ཡང་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་པ་བཅས། །

འཚམས་འཕྲིན་ངོ་མ། འདིར་གཟིགས་དང་།