དཔལ་ལྡན་ཚོགས་གཙོ་མཆོག་གིས་ལོ་ངོ་ ༦༠ རིང་གི་འཚེ་མེད་ཞི་བའི་གདོང་ལེན་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གྲུབ་མཚམས། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་གོ་སྒྲིག་འོག་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ “ལོ་ངོ་ ༦༠ རིང་གི་འཚེ་མེད་ཞི་བའི་གདོང་ལེན།” ཞེས་པའི་པར་རིས་དྲུག་ཅུ་ཡོད་པའི་འགྲེམས་སྟོན་ཞིག་དང་། འགྲེམས་སྟོན་གྱི་པར་རིས་རྣམས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་གཅིག་བཅས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གནང་སོང་།

དབུ་འབྱེད་གནང་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གིས་པར་རིས་རྣམས་ལ་གཟིགས་ཞིབ་དང་། གསར་འགོད་པས་དཔལ་ལྡན་ཚོགས་གཙོ་མཆོག་གི་པར་རིས་འགྲེམས་སྟོན་དང་འབྲེལ་བའི་གཟིགས་ཚུལ་སྐོར་དྲིས་གནང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། ང་ཚོ་བོད་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལྟ་བ་ལ་གཞི་བཅོལ་བའི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་རེད། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ནས་འགྲོ་རྒྱུ་དེ་འཐབ་རྩོད་གཅིག་པུར་མ་ཡིན་པར། མ་འོངས་པར་རང་དབང་སླར་གསོ་བྱུང་བའི་མཚམས་ལ་འཚེ་བ་མེད་པར་བརྟེན་ནས་འགྲོ་རྒྱུ་གཅིག་ང་ཚོའི་གཞི་རིམ་གྱི་ལྟ་གྲུབ་ཆགས་བསྡད་ཀྱི་ཡོད་པ་དང་། དེ་འདྲ་བའི་ལྟ་གྲུབ་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ནས་འགྲོ་བསྡད་རྒྱུ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་། ཕྱི་ལོ་ ༡༩༥༩ བརྩིས་པའི་ད་བར་ཕྱི་ལོ་ ༢༠༡༩ བར་མི་ལོ་དྲུག་ཅུ་དེའི་ནང་བོད་མི་མང་གིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གང་བྱས་པ་དེ་ད་ལྟ་པར་རིས་དྲུག་ཅུ་འགྲེམས་སྟོན་བྱས་པ་དེས་མཚོན་དོན་ཙམ་ཞིག་རེད་མ་གཏོགས། དེ་ལས་ལྷག་པ་ཁྲི་ཕྲག་དང་འབུམ་ཕྲག་མང་པོ་གསོག་དགོས་བྱུང་ན། གསག་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ཙང་དོན་དག་ངོ་མ་འདི་ང་རང་སྒེར་གྱི་བསམ་བློ་གཏོང་སྟངས་བྱས་པ་ཡིན་ན། མི་སྒེར་ཡིན་ནའང་རེད། སྤྱི་ཚོགས་ཡིན་ནའང་རེད། སྒྲིག་འཛུགས་ཡིན་ནའང་རེད། ཐག་གཅོད་བྱེད་དགོས་པ་མང་པོ་ཞེ་དྲག་ཡོད་རེད། བྱས་ཙང་དཔའ་བོ་ངོ་མ་དེ་སུ་རེད་ཅེས་ཞུས་པ་ཡིན་ན། འཚེ་མེད་ཞི་བའི་ལྟ་བ་ལ་གཞི་བཅོལ་ནས་འཐབ་རྩོད་བྱེད་མཁན་དེ་རེད། དེ་དཀའ་ལས་ཁག་པོ་ཡོད་རེད། ཡིན་ནའང་ང་ཚོས་རྒྱུན་མཐུད་ནས་ལོ་ངོ་ ༦༠ རིང་འཚེ་མེད་ཞི་བའི་ལྟ་བ་ལ་གཞི་བཅོལ་ནས་ཕྱིན་པ་རེད། མ་འོངས་པར་དེ་ལྟར་འགྲོ་གི་རེད་བསམ་གྱི་འདུག མི་དཔའ་བོ་མ་ཡིན་པར་སྡར་མ་དེ་ཚོ་འཚེ་བ་ལ་བརྟེན་ནས་འགྲོ་གི་ཡོད་རེད། འཚེ་བ་ལ་བརྟེན་ནས་འགྲོ་མཁན་དེ་འཕྲལ་སེལ་ཁེ་ཕན་ཐོབ་ཀྱི་ཡོད་རུང་ཕུགས་རྒྱང་རིང་པོར་ཕན་ཐོགས་མེད་པ་གསལ་པོ་རེད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྟངས་དེ་འཚེ་བ་ལ་བརྟེན་ནས་བྱས་པ་ཡིན་ཙང་ལམ་ལྷོངས་བྱུང་ཡོད་མ་རེད། གལ་སྲིད་ཁོང་ཚོས་འཚེ་བ་མེད་པར་བརྟེན་ནས་བཙན་འཛུལ་བྱས་པ་ཡིན་ན། གནས་ཚུལ་དེ་འདྲ་ཆགས་ཀྱི་མ་རེད་བསམ་གྱི་འདུག འཚེ་བའི་ལམ་ལ་འཇུག་མཁན་དེ་སྡར་མ་ཞིག་ཡིན་པ་དང་། འཚེ་བ་མེད་པའི་ལམ་ལ་འཇུག་མཁན་དེ་དཔའ་བོ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། དེ་འདྲ་ཡིན་ཙང་བོད་མི་རིགས་དེ་དཔའ་བོའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་གནང་སོང་།

གཞི་རྩའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན། གོ་སྒྲིག་ཞུས་པའི་ “ལོ་ངོ་ ༦༠ རིང་གི་འཚེ་མེད་ཞི་བའི་གདོང་ལེན།” ཞེས་པའི་པར་རིས་དྲུག་ཅུ་ཡོད་པའི་འགྲེམས་སྟོན་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ནས་ ༡༧ བར་ཉིན་བརྒྱད་རིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་དང་། འགྲེམས་སྟོན་གྱི་དམིགས་ཡུལ་ནི་བོད་མི་ཚོས་ལག་བསྟར་བྱས་དང་བྱེད་བཞིན་པའི་འཚེ་མེད་ཞི་བའི་ཐབས་ལམ་འདི་སྐྱེ་བོ་རྣམས་ཀྱི་མིག་སྔར་གསལ་སྟོན་ཞུ་རྒྱུ་ཙམ་མ་ཟད། འགྲེམས་སྟོན་འདི་ལ་བརྟེན་ནས་མ་འོངས་པར་འཚེ་མེད་ཞི་བ་དངོས་སུ་ལག་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་ཐོག་བསམ་ཞིབ་བྱ་རྒྱུར་སྡིངས་ཆ་ཞིག་མཁོ་སྐྲུན་ཞུ་རྒྱུ་དེ་ཡིན་འདུག་པ་བཅས། །