དཔལ་ལྡན་ཚོགས་གཙོ་མཆོག་གིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བ་དང་། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་དང་། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཀིརྟི་བྱེས་པ་གྲྭ་ཚང་ནས་གོ་སྒྲིག་གནང་བའི་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་པ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་འབངས་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་དང་ཤེས་རིག་བཀའ་བློན་རྣམ་གཉིས། ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བགྲོ་གླེང་གི་ཚོགས་ཆེན་ཐོག་དམིགས་བསལ་ལམ་སྟོན་བཀའ་སློབ་གནང་བར་ཆེད་དུ་གདན་འདྲེན་ཞུས་པ་མཁས་པའི་དབང་པོ། བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། མཁས་དབང་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་གི་དབུ་འཛིན་དང་སློབ་གྲྭའི་སློབ་སྤྱི། འཛིན་སྐྱོང་པ། དགེ་རྒན་བགྲེས་པ་ཉམས་མྱོང་ཅན་སོགས་བགྲོ་གླེང་པ་དང་བགྲོ་གླེང་ཟུར་ཉན་པ་གྲྭ་བཙུན་གྱི་སློབ་གཉེར་པའི་འཐུས་མི། བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་དབུ་འཛིན་དང་དགེ་རྒན། ཚོགས་པ་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་རྣམ་པ། ཀིརྟི་དགེ་རྩ་ཚོགས་པའི་ལས་སྣེ་རྣམ་པ་དང་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་འབྲེལ་ཡོད་སེར་སྐྱ་མི་མང་བཅས་ཚང་མར་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་གྱིས་དྲག་གནོན་བྱས་རྐྱེན་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རང་གི་ཕ་ཡུལ་བོད་ལྗོངས་བཞག་སྟེ་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་འགྲོ་འདུག་སྤྱོད་གསུམ་ལ་ཕན་པའི་ཕྱིའི་མཐུན་རྐྱེན་གང་ཡང་མེད་པ་དང་། སྐབས་དེ་དུས་བོད་མི་ཚོར་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པའི་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་མི་རབས་རྒན་པ་ཚོས་སྐུ་ལས་ཧ་ཅང་བསྐྱོན་གནང་གིས་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་སྐད་ཡིག་རིག་གཞུང་སོགས་ད་བར་མི་ཉམས་རྒྱུན་འཛིན་དང་དར་སྤེལ་ཐུབ་པ་བྱུང་ཡོད། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ལྔ་བརྒྱ་ཐ་མའི་དུས་འདིར་བོད་བརྒྱུད་ནང་བསྟན་གྱི་མེ་རོ་རྨང་ནས་གསོས་ཏེ་ད་ལྟའི་གནས་སྐབས་སུ་བོད་མི་རིགས་ཙམ་མིན་པར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་། འཛམ་གླིང་ཤར་ནུབ་གྱི་རྒྱལ་ཁབ་མང་ཆེ་བའི་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཡིན། ཆོས་ལུགས་གཞན་དང་མི་འདྲ་བར་ནང་ཆོས་ལ་རིག་པས་བརྟག་སྟེ་སློབ་གཉེར་བྱ་རྒྱུ་ཡོད་པ་དེས་མིའི་གཞི་རྩའི་བསམ་བློའི་གནས་ཚད་ཡར་རྒྱས་གཏོང་ཐུབ་པའི་སྒོ་ནས་འཚེ་བ་མེད་ཅིང་བྱམས་བརྩེའི་བསམ་བློ་རྙེད་དེ་འཛམ་གླིང་ནང་ཞི་བདེ་སྐྲུན་ཐུབ་རྒྱུའི་ནུས་ལྡན་ཞིག་ཆགས་ཡོད། འཛམ་གླིང་མི་མང་གཞན་ནས་ནང་ཆོས་ལ་གཉེར་བཞིན་ཡོད་ན་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་རྣམས་ནས་ནང་ཆོས་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་དེ་བས་ཀྱང་གལ་གནད་ཆེ་བ་ཡིན། བོད་བརྒྱུད་ནང་བསྟན་དེ་འཇིག་ལ་ཉེ་བའི་དུས་སྐབས་ཤིག་གི་འོག་ནས་དར་འཕེལ་བྱུང་སྟེ་དེང་གི་ཆར་བོད་བརྒྱུད་ནང་བསྟན་དེ་བཞིན་འཛམ་གླིང་ནང་ཆོས་ལུགས་གཞན་དང་མི་འདྲ་བར་ཚན་རིག་པ་ཡིན་ནའང་དོ་སྣང་ཆེན་པོ་བྱེད་ཡུལ་གྱི་ཆོས་ངོམས་སུ་ཆོག་པ་ཞིག་ཆགས་ཐུབ་ཡོད། དེ་ནི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དགོན་སྡེ་གྲྭ་ཚང་ཁག་དང་བཙུན་དགོན་ཁག་བཅས་ནས་༸རྒྱལ་བའི་བཀའ་དགོངས་གཞིར་བཟུང་ཧུར་འབད་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཀིརྟི་བྱེས་པ་གྲྭ་ཚང་ལྟ་བུར་ཆ་མཚོན་ན་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་གྲྭ་ཚང་གི་ལས་ཀྱི་སྣེ་མོར་ཞུགས་པ་ཚང་མས་ཆོས་ཕྱོགས་ཙམ་མིན་པར་བོད་དོན་བདེན་མཐའ་གསལ་ཐབས་དང་སྤྱི་ཚོགས་ཞབས་ཞུའི་ཐོག་ལའང་དུས་དང་རྣམ་པ་ཀུན་དུ་འབད་པ་ཆེ་བསྐྱེད་གནང་བཞིན་པ་དེས་བོད་བསྟན་སྲིད་མི་རིགས་ཀྱི་ཐོག་ལ་ཞབས་འདེགས་གང་ལེགས་གྲུབ་ཡོད་པར་ངོས་འཛིན་གྱིས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་བཞུགས་སྒར་དུ་གྲྭ་ཚང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བར་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་ད་བར་དགེ་འདུན་པ་མང་པོ་ཞིག་ལ་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་དང་ཁོར་ཡུག་བཟང་པོ་བསྐྲུན་གནང་ཐུབ་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཞུ་རྒྱུའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད། རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་དུ་རི་བོ་དགེ་ལྡན་པའི་རིང་ལུགས་ཀྱི་ཆུ་མགོ་ལྟ་བུ་ཡིན་པར་སོང་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཆགས་ཡོད། ཁོང་གི་སྐུ་དྲིན་སྙིང་ནས་དྲན་པའི་སྒོ་ནས་ནང་ཆོས་ལ་བསླབ་པ་སློབ་གཉེར་མཐིལ་ཕྱིན་པ་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེ།

གོང་གསལ་དུས་ཚིགས་གལ་ཆེན་དག་དང་སྟབས་བསྟུན་ཏེ་དེ་རིང་ཀིརྟི་དགེ་རྩ་ཚོགས་པ་དང་ཀིརྟི་བྱེས་པ་གྲྭ་ཚང་གཉིས་ཐུན་མོང་གི་ཐོག་ནས་གཙོ་བོ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་ཐོག་ལ་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཆེན་མོ་འདི་གོ་སྒྲིག་ཞུས་ཐུབ་པ་ནི་གསར་གཏོད་རང་བཞིན་ལྡན་པའི་རླབས་ཅན་གྱི་བྱ་བ་ཞིག་ཡིན་པ་དང་། ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འགེལ་ཐབས་ཕྱོགས་སུ་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཀྱང་ཡིན། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ལ་བགྲོ་གླེང་གི་ལམ་ནས་འགྱུར་བཅོས་གཏང་འོས་གཏོང་རྒྱུར་དུས་ཚོད་ཀྱི་ཆ་ནས་ཕྱིས་མ་དྲགས་ནའང་སྔ་དྲགས་མེད་པས་སྔར་སོང་ད་འགྲོ་ལྟ་བུ་མ་ཡིན་པར། རབ་བྱུང་ཕོ་མོ་མིང་དོན་མཚུངས་པ་གང་མང་སྐྱེད་སྲིང་ཐུབ་ཐབས་སུ་འབྲེལ་ཡོད་འགན་འཛིན་རྣམས་ནས་འཆར་གཞི་གསར་པ་ཚད་ལྡན་བཟོ་འགོད་ཀྱིས་སྣེ་ཁྲིད་ཐུབ་རྒྱུ་གལ་འགངས་ཆེ། གྲྭ་བཙུན་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་སྟངས་དང་། འཛིན་གྲྭའི་ནང་ཕྱིའི་མཐུན་རྐྱེན་དང་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཁྱད་ཆོས་ཇི་དགོས། དགེ་སློབ་གཉིས་ཀར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ། དེ་བཞིན་ཡ་རབས་བཟང་སྤྱོད་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་བསྒོ་ཐབས། དེ་ལས་གལ་ཆེ་བ་བསམ་བློའི་སློབ་གསོ་ཇི་དགོས་ལ་སོགས་པ་གཞི་ལ་བཞག་པའི་ཐོག་ནས་འཆར་གཞི་ཚད་ལྡན་བཟོ་འགོད་ཀྱིས་སྒྲིག་སྲོལ་ལྡན་པའི་སྒྲོམ་གཞི་ཡང་དག་ཡོང་ཐབས་བཅས་ཀྱི་ཐོག་བགྲོ་གླེང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད། སྤྱིར་བཏང་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚང་མ་ལྷག་བསམ་རྣམ་པར་དག་ཅིང་ཤེས་ཡོན་དང་། སྤྱི་སེམས་ཀྱི་ཕྱུག་པ། བོད་ཀྱི་བསྟན་སྲིད་མི་རིགས་ལ་ཞབས་འདེགས་སྒྲུབ་འདུན་ཡོད་མཁན་ཞེ་གཅིག་ཡིན་ནའང་། ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བགྲོ་གླེང་སྐབས་སུ་རང་རྒྱལ་གཞན་ཕམ་དང་། ཕྱོགས་ལྷུང་སོགས་ཀྱི་ཚོར་བས་ལྷད་དེ་དགོངས་འཆར་ཡག་པོ་དེ་འདྲ་ལའང་སྐབས་རེར་དགག་པ་བསྐྱོན་པའི་དབང་གིས་མེད་པར་གྱུར་ཏེ་སྤྱི་ལ་གྱོང་གུད་ཕོགས་པའི་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་མིན་སྟབས། དེ་འདྲའི་གནས་སྐབས་སུ་ཕུགས་རྒྱང་རིང་པོ་དང་བོད་ཀྱི་བསྟན་སྲིད་མི་རིགས་སྤྱི་ལ་དགོངས་པ་ཆེན་པོ་བཞེས་ཏེ་བགྲོ་གླེང་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ད་རེས་ཀྱི་བགྲོ་གླེང་ལམ་ལྷོངས་ཚགས་ཚུད་ཡོང་བ་དང་། འདི་ལས་ཐོན་པའི་དགོངས་འཆར་རྣམས་མ་འོངས་པར་ཕྱག་ལེན་དོན་འཁྱོལ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །