དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་རིག་པའི་བགྲོ་གླེང་ཐེངས་ ༡༣ པའི་ཐོག་"༧གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དགོངས་གཞི།"ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།


༄༅། །ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༩ ནས་འགོ་འཛུགས་ཏེ་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ “༧གོང་ས་མཆོག་གི་མི་ལོ་ ༦༠ རིང་སྩལ་བའི་བཀའ་སློབ་ལས་དགོངས་གཞིའི་འཕེལ་རིམ་ལ་སློབ་སྦྱོང་ཞུ་བ།” ཞེས་པའི་བརྗོད་གཞིའི་ཐོག་བོད་རིག་པའི་བགྲོ་གླེང་ཐེངས་ ༡༣ པ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ “༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དགོངས་གཞི།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་པའི་སྙིང་དོན་འདི་ལྟར། རྩ་བའི་རང་ཉིད་ལྟ་བུར་ཆ་མཚོན་ན། མང་གཙོའི་ལྟ་གྲུབ་ཐོག་ལ་སྦྱངས་བཞག་པའི་གང་ཟག་གཅིག་དང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་ལྟ་གྲུབ་ལ་སོགས་པ་ཟུར་དུ་སློབ་སྦྱོང་བྱས་བཞག་པ་གང་ཡང་མ་རེད། ཡིན་ནའང་བཙན་བྱོལ་ལ་གྱར་ནས་མི་ལོ་དྲུག་ཅུ་འགྲོ་གི་ཡོད་པ་དེའི་ནང་ཉམས་མྱོང་ཕྲན་བུ་ཡོད་རེད། མི་ལོ་དྲུག་ཅུའི་དེའི་ནང་ལོ་སུམ་ཅུ་ལྷག་ཙམ་སྤྱི་འཐུས་ཁོ་ན་བྱས་ནས་བསྡད་པ་རེད། དེ་འདྲ་ཡིན་ཙང་ལྟ་གྲུབ་ཐོག་ལ་སློབ་སྦྱོང་མ་བྱས་པ་ཡིན་ནའང་ལོ་རྒྱུས་ཀྱི་དཔང་པོ་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ད་ལྟའི་ཆར་སྤྱི་འཐུས་ལོ་རྒྱུན་རིང་ཤོས་དང་ལས་རྒྱུན་རིང་ཤོས་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཀའ་སློབ་གང་དང་གང་ཕེབས་པ་དང་། དེ་དང་འབྲེལ་ནས་ཐག་གཅོད་ལ་འགྱུར་བ་གང་བཏང་བ་མང་པོ་ཞིག་ངས་མཐོང་ཡོད་རེད། དང་པོ་དེ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དགོངས་གཞི་ཟེར་བ་ལྟར། དགོངས་གཞི་དགོས་པ་རྒྱུ་མཚན་གང་རེད་ཅེས་ཞུས་པ་ཡིན་ན། འཛམ་གླིང་འདིའི་ནང་ལྟ་གྲུབ་མང་པོ་ཞེ་དྲག་ཡོད་ཀྱང་དེ་ཚོའི་ནང་སྐྱོན་མེད་པ་གཅིག་ཀྱང་ཡོད་མ་རེད། སྐྱོན་ཡོད་པའི་ནང་ནས་ཡག་ཤོས་དེ་མང་གཙོའི་ལྟ་གྲུབ་དེ་རེད། དེ་འདྲ་བའི་མང་གཙོའི་ལྟ་གྲུབ་དེ་བོད་རང་བཙན་ཡིན་པའི་དུས་ཚོད་ལ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ནས་ཐུགས་ཀྱི་ཉམས་མྱོང་ལ་སོགས་པ་གཟིགས་པའི་ཐོག་ནས་མང་གཙོའི་ལམ་ལུགས་ལ་བསྒྱུར་ཐབས་གནང་ཡོད་ཀྱང་། ཕྱི་ནང་གི་བར་ཆད་ཀྱི་རྐྱེན་པས་ཐུགས་དགོངས་ཇི་བཞིན་མ་བྱུང་བ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པའི་རྗེས་ལ། བོད་རང་གི་ནང་ལ་མང་གཙོའི་ལམ་ལུགས་སྲོལ་གཏོད་རྒྱུའི་འབད་བརྩོན་ཆེད་ལེགས་བཅོས་ཚོགས་ཆུང་བཙུགས་པ་སོགས་མང་པོ་ཞིག་གནང་ཡང་། རྒྱ་ནག་དམར་པོའི་གནོན་ཤུགས་འོག་དགོངས་གཞི་ཇི་བཞིན་གྲུབ་མ་ཐུབ་པ་རེད། དེ་འདྲ་ཡིན་ཙང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཙམ་ལ་༧གོང་ས་མཆོག་སྐུ་འཁོར་དང་བཅས་པ་རྒྱ་གར་ས་མཚམས་ལ་ཕེབས་འབྱོར་གནང་བ་རེད། དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་ལ་གཞིས་ཆགས་པའི་གནས་བབ་དེ་ཆགས་པ་རེད། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་དེ་བཞུགས་སྒར་མ་སུ་རིར་ཡོད་པའི་སྐབས་ལ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་གཞིས་བྱེས་མཉམ་འཛོམས་གསུང་གི་ཡོད་རེད། གཞིས་བྱེས་མཉམ་འཛོམས་གསུངས་པ་དེ་གང་རེད་ཞུས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རྒྱས་སུ་ཆིབས་བསྒྱུར་གནང་བའི་གཞུང་ཞབས་སྲི་ཞུ་བ་རྣམས་དང་། དེའི་སྔོན་ནས་གཞུང་ཞབས་ཁག་ཅིག་ཀ་ལིམ་སྤོང་ལ་སོགས་ལ་ཕེབས་ཟིན་པ་རྣམས་མཉམ་འཛོམས་བྱུང་བ་ཡིན་ཙང་དེ་ཉིན་གཞིས་བྱེས་མཉམ་འཛོམས་ཟེར་གྱི་ཡོད་རེད། སྐབས་དེར་༧གོང་ས་མཆོག་ནས་འབྱུང་འགྱུར་ང་རང་ཚོའི་སྒྲིག་འཛུགས་དེ་གང་འདྲ་ཞིག་བཟོ་དགོས་ཀྱི་རེད། ཁྱེད་རང་ཚོ་གོ་བསྡུར་སྦྱངས་བཤད་བྱེད་དགོས་ཀྱི་རེད་ཅེས་བཀའ་ཕེབས་ཡོད་རེད། བཀའ་ཕེབས་པ་ནང་བཞིན་ཁོང་རྣམ་པ་གོ་བསྡུར་སྦྱངས་བཤད་གནང་ནས་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་མོར་ཡར་སྙན་ཞུ་ཞིག་ཕུལ་ཡོད་རེད། དེ་ནས་ལས་ཁུངས་ཆེ་ཁག་བཞི་དང་། ཡན་ལག་ལས་ཁུངས་གསུམ་གསར་འཛུགས་གནང་ཡོད་པ་དང་། དེ་དང་དེའི་འགན་བཞེས་མཁན་སུ་གནང་དགོས་ཀྱི་ཡོད་པ་གཙང་མ་བཟོས་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༡༡ ནང་ལ་སྲི་ཞུ་བ་ཚོར་འབྱུང་འགྱུར་ང་ཚོའི་སྒྲིག
་འཛུགས་དེ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་བཀའ་ཕེབས་ཡོད་རེད། དེ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་ནས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། མནའ་གན་མཐུ་མོ་ཆེ་བཞག་པ་རེད། ལྷ་ཆོས་སྐྱོང་སྲུང་མ་རྣམས་དཔང་དུ་བཞག་པའི་ཐོག་ནས་དེ་སྔ་བོད་ལ་ཡོད་སྐབས་ལ་མིང་འདྲ་མིན་བཏགས་ནས་ནང་ཁུལ་རྡོག་རྩ་གཅིག་ཏུ་བསྒྲིལ་མ་ཐུབ་པར་བརྟེན་ནས། ད་ལྟའི་གནས་བབ་དེ་འདྲ་ཞིག་ཆགས་སོང་། ད་ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་གནང་རོགས་གནང་། ང་ཚོ་ཆོལ་གསུལ་ཆོས་ལུགས་དང་བཅས་པ་ལྕགས་ཀྱི་གོང་བུ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དབུ་འོག་དཔུང་འདེགས་ཞུ་གི་ཡིན་ཞེས་ཞུས་ཡོད་པ་དང་། དེའི་སྐབས་༧གོང་ས་མཆོག་གིས་ལྕགས་ཀྱི་གོང་བུ་དེ་འཁྱགས་པའི་གོང་བུ་ལྟ་བུ་མ་ཆགས་པ་བྱེད་དགོས་རེད་ཅེས་དང་། ང་ཚོའི་སྒྲིག་འཛུགས་དེ་འོས་བསྡུ་བྱས་ནས་སླེབས་པའི་སྒྲིག་འཛུགས་གཅིག་དགོས་ཀྱི་རེད། ཁྱེད་རང་ཚོ་རང་གནས་སོ་སོར་ལོག་ཟིན་པའི་རྗེས་ལ་སྔ་འཕྲོས་རིང་ཆོལ་ཁ་གསུམ་སོ་སོ་ནས་སྐུ་ཚབ་འོས་མི་གསུམ་གསུམ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འོས་མི་གཅིག་རེ་འདེམས་དགོས་པ། དེ་ཡང་འོས་མི་རྣམས་ཤེས་བྱ་ཡོན་ཏན་ཡོད་པ། འཇོན་ཐང་ཡོད་པ། ལྷག་བསམ་ཡོད་པ་དེ་འདྲ་ཞིག་འདེམས་དགོས་པའི་བཀའ་སློབ་ཕེབས་ཡོད་རེད། ལོ་དེའི་ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་བཅའ་ཕུལ་ཡོད་རེད། དེ་ཉིན་༧གོང་ས་མཆོག་གིས་བཀའ་སློབ་གང་ཕེབས་ཡོད་ཅེ་ན། ཁྱེད་རང་ཚོ་མི་མང་གིས་རེ་བ་བཅོལ་ནས་འོས་གཞི་དེ་ང་ལ་སྤྲད་པ་རེད། ངས་ཁྱེད་རང་ཚོར་རེ་བ་དང་ཡིད་ཆེས་བྱས་ནས་བསྐོ་གཞག་བྱས་པ་རེད། དེ་འདྲ་ཡིན་ཙང་སང་ཉིན་ནས་ཁྱེད་རང་ཚོས་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུའི་ཆེད་དུ་བསྒྱུར་བ་གང་དང་གང་གཏང་དགོས་པ་གྲོས་བྱོས། ལས་ཀ་གལ་ཆེན་པོ་དེ་འདྲ་བྱེད་རྒྱུར་རྒྱས་བཅད་དུས་ཚོད་དེ་ནས་ཕར་འགྱངས་བྱེད་དགོས་བྱུང་ཡང་འགྱངས་ཆོག་གི་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད། དེའི་སྐབས་སྤྱི་འཐུས་རྣམ་པ་ལས་ཁུངས་སོ་སོར་བགོ་བཤའ་བརྒྱབ་ནས་ཕྱག་ལས་གནང་གི་ཡོད་པ་དང་། སྐབས་དང་པོའི་སྐབས་ལ་ཚོགས་གཙོ་དང་ཚོགས་གཞོན་ཡོད་མ་རེད། སྤྱི་འཐུས་ལྷན་འཛོམས་གནང་དགོས་ཡོད་ཚེ་ཤིང་སྡོང་གི་གྲིབ་བསིལ་འོག་ཏུ་བཞུགས་ནས་གོ་བསྡུར་སྦྱངས་བཤད་དང་། གཙོ་སྐྱོང་གནང་མཁན་ཡང་སྤྱི་འཐུས་རྣམ་པ་རིམ་པས་གནང་གི་ཡོད་རེད། སྐབས་གཉིས་པའི་སྐབས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་གཞིར་བཟུང་། སྤྱི་འཐུས་ཀྱི་གྲངས་འབོར་སྤར་བ་རེད། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་རྒྱུའི་ཆེད་ཆོལ་ཁ་གསུམ་སོ་སོའི་ནང་བུད་མེད་ཀྱི་སྤྱི་འཐུས་རེ་རེ་ཟུར་བཅད་འཕར་སྣོན་གྱིས་སྤྱི་འཐུས་ཀྱི་རྩ་འབོར་གྲངས་ ༡༧ དུ་ཆགས་ཡོད་རེད།  དེ་ནས་བཟུང་ཚོགས་གཙོ་ཚོགས་གཞོན་བསྐོ་གཞག་བྱེད་རྒྱུ་འགོ་འཛུགས་པ་དང་། དེའི་སྐབས་སྤྱི་འཐུས་དུས་ཡུན་དེ་ལོ་གསུམ་དང་། ཕྱི་ལོ་ ༡༩༦༦ ནས་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་གསར་འཛུགས་གནང་བ་རེད།


ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཞིག་ཁྱབ་བསྒྲགས་དང་། དེ་ཡང་མ་འོངས་བོད་ཀྱི་རྩ་ཁྲིམས་དེ་ནང་པ་སངས་རྒྱས་པའི་ལྟ་གྲུབ་འབྲེལ་བ་ཡོད་པ་ཞིག་དང་། རྒྱལ་སྤྱིའི་མང་གཙོའི་ལམ་ལུགས་བཅས་དང་མཐུན་པ་ཞིག་ཡོད། ཟིན་བྲིས་དེར་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་ལེན་རྒྱུའི་ཆེད་ཁྱབ་བསྒྲགས་གནང་བ་དེས། དྲུག་ཅུ་རེ་གྲངས་སྐབས་ནས་མང་ཚོགས་ཀྱི་དགོངས་འཆར་དེ་གལ་ཆེན་པོ་གང་འདྲ་ཞིག་ཡིན་པ་གཟིགས་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད། སྐབས་དེར་མང་ཚོགས་ནས་ཟིན་བྲིས་དེའི་ཐོག་དགོངས་འཆར་གང་བྱུང་བ་རེད་ཅེ་ན། ཟིན་བྲིས་དེ་ལོང་བ་ལ་མིག་སྦྱིན་པ་དང་། འོན་པ་ལ་རྣ་བ་སྦྱིན་པ་ལྟ་བུ། ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་མཐུན་པ་དང་། ཕྱོགས་གཞན་ཞིག་ནས་དེང་དུས་ཀྱི་སྤྱི་སྲོལ་དང་མཐུན་པ་དགའ་བསུ་ཞུ་འོས་པ་བཅས་ཡག་པོ་ཞེ་དྲག་འདུག་ཀྱང་། དེའི་ནང་ལ་མོས་མཐུན་མེད་པ་གཅིག་རང་འདུག དེ་གང་རེད་ཞུས་ན། ༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་དེ་མེད་པ་བཟོ་དགོས་བྱུང་ན། འཐུས་མིའི་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་མེད་པ་བཟོ་རྒྱུ་ཟེར་བའི་དོན་ཚན་དེ་ལ་རྩ་བ་ཉིད་ནས་མོས་མཐུན་མེད་ཅེས་མི་མང་གིས་ཡར་ཞུས་པ་རེད། དེའི་རྗེས་མི་མང་གིས་བསམ་འཆར་གང་ཡོད་པ་རྣམས་ནས་དགོས་མཁོ་དང་འབྲེལ་བ་ཁག་ཁ་སྣོན་བྱས་ནས་ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱ་ཁྱབ་གསལ་བསྒྲགས་གནང་བ་རེད། མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་བ་དེ་མ་འོངས་པར་བོད་ལ་རང་དབང་སླར་གསོའམ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། མདོར་ན་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བ་དང་། དྲུག་ཅུ་རེ་གཅིག་ལོར་རྩ་ཁྲིམས་ཟིན་བྲིས་བརྒྱབ་པ་ནས་བཟུང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱབ་ཀྱི་རེད་ཟེར་བ་དེ་རྫུན་མ་རྫུན་རྐྱང་ཆགས་བསྡད་ཡོད།

མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་གནང་བ་དང་འབྲེལ། ད་ལྟ་ང་ཚོ་བཙན་བྱོལ་ལ་སྡོད་ཡུན་རིང་དེ་དང་ཕྱོགས་མཐུན་པ་ཞིག་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་རེད། གང་ཡིན་ཟེར་ན། ཟིན་བྲིས་དེ་རང་དབང་ཡོད་པའི་རྒྱལ་ཁབ་གཅིག་གིས་ལག་ལེན་བསྟར་རྒྱུ་ལྟ་བུ་ཞིག་བཟོས་ཡོད་པ་མ་གཏོགས་བཙན་བྱོལ་ལ་ཡོད་པ་ནང་བཞིན་བཟོས་ཡོད་མ་རེད། དེ་ལག་བསྟར་བྱེད་ཀྱི་ཡིན་ཟེར་ན་ཏག་ཏག་བསྡད་ཀྱི་མེད་པ་དང་། དེའི་ནང་གང་ཡོད་པ་དེ་ཕྱོགས་མཚུངས་པ་ཞིག་ལག་ལེན་བསྟར་གྱི་ཡིན་ཞེས་གསུངས་ཡོད་རེད། དེ་བཙན་བྱོལ་ནང་ལ་རྩ་ཁྲིམས་ཟིན་བྲིས་དང་པོ་གསལ་བསྒྲགས་གནང་བ་ཆགས་ཀྱི་ཡོད།
སྒྲིག་གཞིའི་ཐོག་བྱས་པ་ཡིན་ན། འོས་བསྡུའི་སྒྲིག་གཞི་དེ་རེད། དེ་ཡང་ཕྱི་ལོ་བདུན་ཅུ་དོན་གྲངས་ནང་སྤྱི་འཐུས་སྐབས་ལྔ་པའི་སྐབས་ལ་རྒྱ་གར་གྱི་འོས་བསྡུའི་སྒྲིག་གཞིར་དཔེ་བླངས་ནས་ང་ཚོའི་འོས་བསྡུའི་སྒྲིག་གཞི་གཏན་འབེབས་དང་གསལ་བསྒྲགས་གནང་བ་རེད། དེ་ནས་རིམ་པས་ལས་བྱེད་བླང་དོར་སྒྲིག་གཞི་གཏན་འབེབས་གནང་བ་སོགས་བྱུང་བ་རེད། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དེ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདོན་གནང་བ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེའི་སྐབས་ག་རེ་གསུང་རེད་ཟེར་ན། དེ་རིང་གི་ཉིན་མོ་ནི་གང་ཟག་གིས་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་ཐོག་སླེབས་པའི་ཉིན་མོ་ཡིན་སྟབས་དུས་ཚིགས་ཁྱད་པར་བ་ཞིག་ཡིན་ཞེས་གསུངས་གནང་ཡོད་རེད། རྒྱལ་ཁབ་དང་། གཞུང་། མི་མང་བཅས་ཡོད་པ་རྣམས་ལ་རྩ་ཁྲིམས་དང་། རྒྱལ་ཁབ་མེད་ཀྱང་། གཞུང་དང་མི་མང་ཡོད་ན་བཅའ་ཁྲིམས་ཟེར་དགོས་ཀྱི་ཡོད། ང་ཚོའི་རྒྱལ་ཁབ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཡོད་ཀྱང་། ང་ཚོར་སོ་སོའི་གཞུང་དང་། མི་མང་ཡོད་དུས་བཅའ་ཁྲིམས་ཞེས་འབོད་དགོས་ཀྱི་ཡོད། ང་ཚོའི་བཅའ་ཁྲིམས་ལ་ལེའུ་བཅུ་གཅིག་དང་། དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་ཞིག་གཏན་འབེབས་གནང་བ་དང་། དེ་ཚོའི་ནང་དམིགས་བསལ་གྱི་ཁྱད་ཆོས་མ་འདྲ་བ་མང་པོ་ཡོད་རེད།  དུས་དེ་ནས་བཟུང་གྲོས་ཚོགས་ཀྱི་ལམ་ལུགས་འགོ་བརྩམས་པ་རེད། ང་ཚོའི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་དང་། རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་དབར་མཚུངས་བསྡུར་བྱས་ན་ལེའུ་བདུན་པ་བར་ཧ་ལམ་གཅིག་པ་དང་། ལེའུ་བདུན་པའི་རྗེས་ལ་ང་ཚོར་དགོས་མཁོ་ཡོད་པ་དེ་དག་ཚུར་བླངས་ཡོད་པ་རེད།

ཐོག་མར་བཅའ་ཁྲིམས་གཏན་འབེབས་གནང་བའི་སྐབས་ལ། བཀའ་བློན་རྣམ་པའི་འོས་མིག་རྣམས་སྤྱི་འཐུས་ཀྱིས་འདོན་དགོས་པ་མ་ཟད། མཐའ་མ་བཀའ་བློན་རྣམས་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་འདེམས་དགོས་ཀྱི་ཡོད་པ་དང་། དེ་ཡང་འོས་མིག་དེར་སྤྱི་འཐུས་ཀྱི་བརྒྱ་ཆ་བདུན་ཅུའི་ཚད་གཞི་ལོན་དགོས།  དེ་ནས་ཕྱི་ལོ་ ༡༩༩༣ ལོར་༧གོང་ས་མཆོག་གིས་འོས་མིག་འདོན་གནང་རྒྱུ་དང་། བརྒྱ་ཆ་མི་གོ་བ་བཟོས་པ་དང་། བཀའ་བློན་ནང་ཁུལ་འོས་བསྡུ་བྱས་ནས་བཀའ་བློན་ཁྲི་པ་འདེམས་དགོས་པ། བཀའ་བློན་ཁྲི་པའི་དུས་ཡུན་དེ་ཡང་ལོ་རེ་རེ་བཅས་རེད། ཕྱི་ལོ་ ༢༠༠༠ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་༧གོང་ས་མཆོག་གིས་བཀའ་ཁྲིའི་འོས་མིག་མར་གནང་ནས་སྤྱི་འཐུས་རྣམ་པ་ཚོས་འོས་འཕེན་ནས་འདེམས་རྒྱུ་བྱས་ཡོད་ཀྱང་དེ་ལག་ལེན་བསྟར་དགོས་བྱུང་མེད། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར། ཕྱི་ལོ་ ༢༠༠༡ ཟླ་ ༣ པའི་ནང་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱེད་རྒྱུའི་བཀའ་སློབ་ཕེབས་པ་གཞིར་བཟུང་། སྐྱབས་རྗེ་སློན་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་པོ་དེ་ཆགས་བསྡད་ཡོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ཁག་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གང་དང་གང་ཕེབས་པའི་ཐོག་མང་གཙོའི་བཅོས་བསྒྱུར་གང་དང་གང་ཕྱིན་པའི་སྐོར་ལ་གསུང་བཤད་དང་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །