དཔལ་ལྡན་ཚོགས་གཙོ་མཆོག་གིས་སི་པན་ནས་ཡིན་པའི་བུད་མེད་ནུས་སྟོབས་སྤེལ་རྒྱུར་རྒྱབ་སྐྱོར་གནང་མཁན་གྱི་ཚོ་ཁག་གཅིག་དང་མཇལ་འཕྲད་གནང་བ།

༄༅། ། ཡུ་རོབ་སི་པན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ (Focusonwomen,Spain) ཞེས་པའི་ཚོགས་པ་བརྒྱུད་འཛམ་གླིང་ཡུལ་གྲུ་གང་སར་གྲངས་ཉུང་མི་རིགས་དང་། བུད་མེད་ནུས་སྟོབས་སྤེལ་རྒྱུར་རྒྱབ་སྐྱོར་གནང་མཁན་སི་པན་རྒྱལ་ཁབ་ནས་ཡིན་པའི་བུད་མེད་ཚོ་ཁག་གཅིག་ཕྱི་ཟླ་ ༨ ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སར་ཕེབས་སྐབས། དཔལ་ལྡན་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་རེ་སྐུལ་ཟླ་བ་གཅིག་གོང་ནས་ཞུས་པ་ལྟར། དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ ཉིན་ཆུ་ཚོད་ ༡༢།༣༠ ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་འཛམ་གླིང་ཡུལ་གྲུ་གང་སར་གྲངས་ཉུང་མི་རིགས་དང་། བུད་མེད་ནུས་སྟོབས་སྤེལ་རྒྱུར་རྒྱབ་སྐྱོར་གནང་མཁན་ཡུ་རོབ་སི་པན་རྒྱལ་ཁབ་ནས་ཡིན་པའི་བུད་མེད་གྲངས་ ༩ དང་མཇལ་འཕྲད་གནང་སོང་།

ཁོང་རྣམས་དེ་སྔ་བོད་དོན་ཐོག་རྒྱུས་མངའ་རྩ་བ་ནས་མེད་སྟབས། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་། སྤྱི་ལྷན་སྐབས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་འགྱུར་བ་འགྲོ་ཚུལ་དང་། ཕྱི་ལོ་ ༢༠༠༡ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བཀའ་བློན་ཁྲི་པ་མི་མང་ནས་འདེམས་རྒྱུའི་སྲོལ་གཏོད་པ། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲད་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་འཕེལ་རིམ་སྐོར་ཞིབ་རྒྱས་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་མང་གཙོའི་སྐོར་དང་། དེའི་ནང་འཐུས་མི་རྣམ་པ་མི་མང་ནས་ཐད་ཀར་འདེམས་ཀྱི་ཡོད་པའི་ཁེ་ཕན་ཡོད་སྐོར། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཟླ་བ་དྲུག་རེའི་མཚམས་སུ་གྲོས་ཚོགས་རེ་ཚོགས་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ཟླ་ ༣ པའི་ནང་སྔོན་རྩིས་ཚོགས་དུས་དང་། ཕྱི་ཟླ་ ༩ པའི་ནང་ལོ་འཁོར་ལས་བསྡོམས་ཚོགས་དུས་ཚོགས་ཀྱི་ཡོད་སྐོར་གསུངས་གནང་བ་དང་།

དེ་བཞིན་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་གཞུང་གི་བཙན་དབང་འོག་དོན་ཚན་ ༡༧ ཟེར་བ་འཇོག་ཏུ་བཅུག་པ་དང་། སྐབས་དེའི་བོད་གཞུང་ནས་ལོ་བརྒྱད་བསྟུན་ཐབས་བྱས་རུང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭར་ཉེན་ཁ་བྱུང་སྟབས། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཁྲི་ཚོ་བརྒྱད་ཙམ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ།  བོད་ནང་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་དེ་དུམ་བུ་མང་པོར་བཏང་སྟེ། བོད་མི་རྣམས་ལ་རང་གི་ངོ་བོ་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་མེད་སྟབས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ གྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གནང་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་ནས། བོད་རང་བཙན་མི་རྩོད་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས་གནང་རྗེས། སྐུ་མགྲོན་རྣམ་པ་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་བཅས། །