དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།


༄༅། །ལྷ་བཅས་སྲིད་ཞིའི་གཙུག་རྒྱན་འཇིག་རྟེན་ཞི་བདེའི་དད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ལ་ཆིབས་བསྒྱུར་གནང་བའི་དཔལ་ལྡན་སྲིད་མཆོག་གི་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གི་དབུས་པའི་གྲོས་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་རྣམ་པ། ང་ཚོ་ཟླ་བ་དྲུག་གི་རྗེས་སུ་ཚང་མ་སྐུ་གཟུགས་གསལ་ཐང་ངང་ལྷན་འཛོམས་བྱུང་བ་དེར། ཚོགས་གཙོ་སྦྲེལ་པོའི་ངོས་ནས་དགའ་བསུ་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་རེས་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་རིང་ནས་བཟུང་ཕྱི་ཚེས་ ༢༨ བར་ཉིན་དགུའི་རིང་འཚོགས་རྒྱུ་རེད། དེ་རིང་གི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ལ་བཀུར་འོས་སྤྱི་འཐུས་གཅིག་གི་སྐུ་གཟུགས་བདེ་མིན་གྱི་ཐོག་ནས་དགོངས་པ་ཞུས་པ་མ་གཏོགས། དེ་མིན་ཚང་མ་ལྷན་བཅར་ཞུས་ཐུབ་པ་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ཐུགས་འགན་ཆེར་བཞེས་ཐོག་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མང་ཆེ་བའི་ནང་བཀུར་འོས་སྤྱི་འཐུས་རྣམ་པ་ཕེབས་ཐུབ་པ་བྱུང་ཡོད། ས་གནས་ཀྱི་གནས་སྟངས་སོགས་ཀྱི་རྐྱེན་པའི་རིགས་གཅིག་ད་དུང་ལྷག་ཡོད་པ་རེད། ཡིན་ནའང་ང་ཚོ་གྲོས་ཚོགས་གྲུབ་པའི་རྗེས་སུ་སྤྱི་འཐུས་རྣམ་པ་ཚོ་ས་གནས་སོ་སོར་ཕེབས་རྒྱུ་ཡིན་པ་དང་། ས་གནས་ལ་ཕེབས་པའི་སྐབས་སུ་གཙོ་བོ་མི་མང་གི་གནས་སྟངས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བོད་ཀྱི་གནས་སྟངས་ལ་གསལ་བཤད་གནང་རྒྱུ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ངོ་སྤྲོད་གནང་རྒྱུ་དང་། དེ་དང་འབྲེལ་བའི་བོད་མིའི་གནས་ཡུལ་གྱི་ས་གནས་ཁག་གི་འཕྲོད་བསྟེན་དང་ཤེས་ཡོན་གྱི་གནས་སྟངས་སོགས་ཀྱི་སྐོར་ལ་བཀུར་འོས་སྤྱི་འཐུས་རྣམ་པས་ཐུགས་ཁུར་ཆེན་པོའི་ཐོག་ནས་སྙན་ཐོ་ཡང་ཕེབས་སོང་། སྙན་ཐོ་ཕེབས་པ་ནང་བཞིན་གྱི་སྤྱི་འཐུས་རྒྱུན་ལས་རྣམ་པས་སྙན་སྒྲོན་དང་དབྱེ་གསེས་བྱས་ཏེ། དཔལ་ལྡན་བཀའ་ཤག་ལ་ཡར་ཕུལ། བཀའ་ཤག་ནས་འབྲེལ་ཡོད་ལྷན་ཁང་འབྲེལ་ཆགས་སུ་ཆགས་ལ་མར་བཏང་ནས་མཇུག་སྐྱོང་བྱ་རྒྱུ་སོགས་ལན་འདེབས་གང་ལ་གང་འཚམ་འབྱོར་ཚར་སོང་། ལན་འདེབས་འབྱོར་བ་དང་ས་གནས་ཀྱི་གནས་སྟངས་དངོས་སུ་གཟིགས་ཞིབ་གནང་མཁན་ཚོས་ལས་དོན་དང་འབྲེལ་བའི་ཐོག་ལ་བར་ཁྱད་ཤོར་བ་དེ་འདྲ་བྱུང་སོང་ན། ད་རེས་གྲོས་ཚོགས་འདི་གཙོ་བོ་ལས་བསྡོམས་ཀྱི་གྲོས་ཚོགས་ཡིན་དུས། གནད་དོན་འདི་ཚོའི་སྒང་ལ་བགྲོ་གླེང་དང་གོ་བསྡུར་གླེང་སློང་སོགས་ཞུ་ཆོག་གི་རེད་ཅེས་ཞུ་འདོད་བྱུང་།

དེ་བཞིན་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་རེད། རྩ་བའི་བོད་མི་མང་གི་མང་གཙོ་དབུ་བརྙེས་པའི་མཛད་སྒོའི་ཐོག་ལའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གཏམ་བཤད་ཡོངས་ཁྱབ་གསལ་བསྒྲགས་ཞིག་ཀྱང་གནང་ཡོད་པ་རེད། དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཀྱང་རིམ་པས་ཡོང་གི་རེད། དེ་ཚོའི་ཐོག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་རེད། ཆབ་སྲིད་ཀྱི་གནས་བབ་སོགས་གནད་དོན་མང་པོ་ཞིག་ཡོང་གི་ཡོད་དུས། དེ་རིང་ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་སྐབས་སུ་དེ་ཚོའི་སྐོར་ལ་ཞིབ་ཕྲ་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་མིན། འོན་ཀྱང་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་མུ་མཐུད་དེ་གནས་བསྡད་ཡོད་པ་ཞིག་ཆགས་བསྡད་ཡོད་དུས། རྒྱ་ནག་གཞུང་གི་བོད་ནང་ལ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་བཏིང་ནས་བོད་ནང་ལ་བསམ་བློའི་སློབ་གསོ་མང་པོ་སྤྲད་པ་དང་། དེ་འདྲའི་ཐོག་ནས་བོད་ནང་ལ་བདེ་སྐྱིད་དང་འབྱོར་འབྲིང་གི་སྤྱི་ཚོགས་ཡོད་ཅེས་རྒྱལ་ཁབ་ཕྱི་ལོགས་སུའང་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དོན་དངོས་སུ་བོད་ནང་ལ་འཛུགས་སྐྲུན་གྱི་ལས་གཞི་མང་ཆེ་བ་ཞིག་རྒྱ་ནག་གཞུང་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་ལྟའི་བར་དུ་རང་ལུས་མེ་བསྲེགས་གནང་མཁན་གྲངས་ ༡༤༩ ཙམ་བྱུང་ཡོད་པ་དང་། ཁོང་རྣམ་པའི་མངོན་འདོད་གཞིར་བཟུང་གིས་རྒྱ་ནག་གཞུང་གི་ངོས་ནས་དེའི་ཐོག་ལ་རྟོགས་ཞིབ་དང་འགན་འཁུར་རྐང་ལེན་གྱི་ཐོག་ནས་ལན་འདེབས་ཚུལ་ལྡན་གང་ཡང་གནང་མེད། ཡིན་ནའང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་གནས་སྟངས། ཆོས་དད་རང་དབང་གི་གནས་སྟངས། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་སོགས་མེད་པ་ཧ་ཅང་གསལ་པོ་རེད། རྒྱུ་མཚན་དེར་བརྟེན་ཉེ་ཆར་ཨ་རིའི་ཕྱི་སྲིད་ཀྱི་སྙན་ཐོའི་ནང་ལ་བོད་ནང་ལ་ཆོས་དད་རང་དབང་མེད་པའི་གནས་ཚུལ་གསལ་སྟོན་གནང་ཡོད་པ་དང་། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་རིམ་པའི་ནང་གླེང་སློང་རབས་དང་རིམ་པ་བྱུང་ཡོད་པ་རེད། གླེང་སློང་བྱུང་བ་དེ་དག་དངོས་གནས་ཀྱི་དོན་ལ་གནས་པ་ཆགས་ཡོད་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་གནས་ཐུབ་རྒྱུ་མེད་པ་གསལ་པོ་རེད། ཡིན་ནའང་ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་སྲིད་འཛིན་ཞི་ཅིང་ཕིང་རེད། འབྱུང་འགྱུར་ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་འཚོགས་ཀྱི་ཡོད་པ་དང་། དེའི་རྗེས་འབྲེལ་གྱི་ཐོག་ལ་འགོ་ཁྲིད་ཡོང་མཁན་གྱི་ངོས་ནས་དགོངས་པ་ཟབ་བཞེས་གནང་རྒྱུ་ཞིག་དང་། ལྷག་པར་དུ་བོད་དོན་གྱི་ཐོག་ལ་བསྐྱར་ཞིབ་ཡོང་རྒྱུ་དང་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་དགོངས་པ་ཆེ་བཞེས་གནང་རྒྱུ་གལ་ཆེན་པོ་རེད་ཟེར་ནས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གསལ་འདེབས་ཞུ་རྒྱུ་ཡིན།

དེ་བཞིན་དེ་སྔོན་གྱི་ཕྱི་ཟླ་ ༥ པའི་ནང་ལ་རེད། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལྕམ་སྐུ་ Nancy Pelosi མཆོག་གི་དབུ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཐུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ། གཞན་ཡང་བཀའ་ཤག་དང་གྲོས་ཚོགས་དེ་བཞིན་མི་མང་གི་ཚོགས་འདུའི་ནང་ལ་མཉམ་ཞུགས་གནང་ཐུབ་པའང་བྱུང་ཡོད་པ་རེད།

དེ་རྗེས་ལྕམ་སྐུ་ Nancy Pelosi ཨ་རིར་ཕྱིར་ཕེབས་ཚར་བའི་རྗེས། ལྡི་ལི་ཨ་རིའི་གཞུང་ཚབ་བརྒྱུད་ནས་ཚོགས་གཙོའི་མིང་ཐོག་ནས་ཕྱག་བྲིས་གནང་བའང་བྱུང་སོང་། དེ་དག་གི་ཐོག་ནས་བལྟ་ཡོང་དུས། ང་ཚོའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ནས་བསྐྱོད་ཐུབ་པ་ཞིག་དང་། དེ་ཡང་སྐྱབས་བཅོལ་བའི་གནས་སྟངས་ཀྱི་ཐོག་ནས་ནུས་པ་ལྡན་པ་ཞིག་མཐོང་གི་ཡོད་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་ནས། ང་ཚོ་མི་མང་གི་ཚོགས་ཆེན་འཚོགས་པའི་སྐབས་སུ་ཁོང་རྣམ་པ་སྔ་ལོར་བོད་དུ་ཕེབས་ཡོད་པ་དང་། སྐབས་དེར་ཕོ་བྲང་པོ་ཏཱ་ལ་མཇལ་བ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུ་རྒྱུ་དང་། སྐབས་དེ་རང་ལ་ཁོང་དང་ཁོང་གི་ཕྱག་རོགས་རྣམ་པས་༸གོང་ས་མཆོག་ཕྱིར་གཟིམ་ཆུང་དེར་གདན་འདྲེན་ཞུ་ཐུབ་རྒྱུའི་ཐད། གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་ཞུ་རྒྱུའི་དམ་བཅའ་ཡང་བཞག་ཡོད་ཟེར་ནས། དེ་འདྲའི་གསུང་བཤད་གཏིང་ཟབ་པོ་གནང་ཡོད་པ་རེད། མདོར་ན་བོད་ཀྱི་གནད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་མཁན་གྱི་ཐོག་ནས་བལྟས་ཚེ་ཧ་ཅང་གི་ཚད་མཐོ་པོ་ཞིག་དང་། དེ་ཡང་ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་ནས་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་བཞིན་གནད་ཡོད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་རེད། སུད་སི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་འདིར་ཕེབས་ཐུབ་ཡོད་པ་རེད། ཉེ་ཆར་ཚོགས་གཙོ་སུད་སི་བོད་རིགས་མི་མང་གི་མགྲོན་འབོད་གནང་བ་བཞིན་སུད་སིར་བཅར་བ་དང་། སྐབས་དེར་སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Maya Graf མཆོག་དང་མཇལ་འཕྲད་བྱུང་། ཁོང་མཇལ་བའི་སྐབས་སུ་སེམས་འགུལ་ཆེན་པོ་དང་ཧ་ཅང་གི་སེམས་ཐག་ཉེ་བོ་གནང་གི་འདུག དེ་ཚོའི་ཐོག་ནས་བོད་ཀྱི་ཁོར་ཡུག་གི་ཐོག་ལ་དམིགས་བསལ་གྱི་སེམས་ཁུར་གནང་ནས་ལས་འགུལ་སྤེལ་གྱི་ཡིན་ཟེར་ནས་ཞལ་བཞེས་གནང་སོང་། བྱས་ཙང་ང་ཚོས་འདི་འདྲའི་ནུས་པ་དང་རིག་པ་སྒྲིམ་པ་ཡིན་ན། རྒྱབ་སྐྱོར་གནང་མཁན་ཚོ་ཧ་ཅང་གི་ཚད་མཐོ་པོ་དང་བློ་ཐག་ཉེ་བོ། ལྷག་བསམ་རྣམ་དག་ཞིག་ཆགས་བསྡད་འདུག དེ་བཞིན་ང་རང་ཚོ་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བ་གཞིར་བཟུང་བོད་དོན་བདེན་མཐའ་སེལ་ཐབས། བཙན་བྱོལ་སྤྱི་ཚོགས་བདེ་ཐབས། བོད་ཀྱི་ཁོར་ཡུག་གི་ཐོག་ལ་ཐུགས་སྣང་གནང་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པས་ཕྱག་ལས་ཧུར་ཐག་གནང་ཡོད་པ་རེད། དེ་ཚོའི་ཐོག་ལ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་རྒྱུ་དང་།

ང་ཚོ་གྲོས་ཚོགས་ཀྱི་ངོས་ནས་ཡིན་ནའང་ནུས་པས་མ་འདང་བ་མ་གཏོགས་གང་ཐུབ་ཀྱིས་ཞུས་ཡོད་བསམ་པའི་ཚོར་སྣང་དེ་ཡོད། དེ་བཞིན་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉི་ཧོང་ལ་ཕེབས་ཐུབ་ཡོད། ཉི་ཧོང་ལ་ཕེབས་ཐུབ་པའི་ཐོག་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱང་ཞུས་ཡོད། ཉེ་ཆར་རུ་སོག་ལའང་ཕེབས་ཐུབ་པ་བྱུང་ཡོད། དེ་ཚོའི་ཐོག་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བཅས་ཀྱི་ཐོག་ལ་གཏིང་ཟབ་པོའི་བག་ཆགས་འཇོག་ཐུབ་པའི་རེ་བ་བྱས་ནས་ཕེབས་ཐུབ་ཡོད། ཕེབས་པ་གཞིར་བཟུང་གི་དོན་འབྲས་གང་ལ་གང་འཚམ་ཡག་པོ་བྱུང་འདུག་ཟེར་ནས་ཞུ་རྒྱུ་ཡིན།

ད་ལྟ་གྲོས་ཚོགས་ཚར་བའི་རྗེས་ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་ཐུབ་རྒྱུའི་བང་ཞིག་བསྒྲིགས་བཞག་ཡོད་ལ། གང་ལ་གང་འཚམ་ཐག་བཅད་ཟིན་པ་ཡིན་ཟེར་ནས་ཞུ་འདོད་བྱུང་།

དེ་བཞིན་ང་ཚོར་གལ་ཆེ་བ་ཞིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཆགས་བསྡད་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་ནས་ཁོང་གི་ཐུགས་རེ་ག་རེ་གནང་བ་བཞིན་ང་ཚོ་གྲོས་ཚོགས་ར་བའི་ནང་ཞུགས་མཁན་རྣམ་པ་རེད། དེ་མིན་གྱི་བོད་མི་སྤྱི་བོ་གནམ་བསྟན་པ་ཡོངས་ཀྱིས་ཁོང་གི་མཛད་འཕྲིན་དེར་རྗེས་སུ་བཟུང་ཐུབ་རྒྱུར་ལྷག་བསམ་རྣམ་དག་གི་ཐོག་ནས་འགན་ཁུར་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་དུ་ཕེབས་སྐབས། འཇར་མན་བོད་རིགས་རྣམས་ཐུག་པའི་སྐབས་སུ་བཀའ་སློབ་ཞིག་ཕེབས་འདུག ཁོང་ད་དུང་དགུང་ལོ་བཅོ་ལྔ། ཉི་ཤུ་བཞུགས་ཀྱི་རེད། དེའི་རིང་ལ་བོད་དོན་བདེན་མཐའ་གསལ་བའམ་གཞིས་བྱེས་མཉམ་འཛོམས་ཡོང་གི་རེད་ཟེར་ནས་དེ་འདྲའི་བཀའ་སློབ་ཕེབས་འདུག དེ་འདྲ་ཡིན་ཙང་བཀའ་སློབ་ཕེབས་པ་དེ་དག་སེམས་ལ་བཅངས་ནས་༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དང་། བོད་མིའི་སྤྱི་དོན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུའི་ཆེད་དུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་འགན་ཁུར་དགོས་རྒྱུ་དང་། དེ་ཚོའི་ཐོག་ལ་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་ནས་གཙོ་བོ་ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན། དགུང་ལོ་ ༨༣ ལ་ཕེབས་ཀྱི་ཡོད་པ་རེད། སྐྱེ་བོ་ཕལ་པ་ལྟ་བུ་ཞིག་ལ་མཚོན་ན་འདི་ལྟ་བུའི་མཛད་འཕྲིན་བསྐྱངས་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། ཡིན་ནའང་དེ་འདྲའི་གནས་སྟངས་སུ་ཐུག་པ་ཡིན་ནའང་གཙོ་བོ་བོད་མི་མང་དང་བོད་མི་རིགས་ཀྱིས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་བློ་གཏད་བཅོལ་བ་གཞིར་བཟུང་གིས་ད་ལྟའི་མཛད་འཕྲིན་ཁག་རྒྱ་ཆེ་རུ་དང་དོ་སྣང་གནང་མཁན་མང་དུ་འགྲོ་བཞིན་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་རང་ཚོ་བོད་པའི་ངོས་ནས་ཡིན་ནའང་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་བསྐྱངས་པར་རྣམས་ལ་བཀའ་དྲིན་དུ་ཚོར་ཞིང་ངོས་འཛིན་བྱས་པའི་ཐོག་ནས། ང་ཚོས་བཀའ་དྲིན་རྗེས་སུ་དྲན་དགོས་པ་གཅིག་དང་། དུས་ནམ་ཡང་སྐད་ཅིག་ཕྲ་མོ་ཙམ་ལའང་དྲིན་ལན་ལོག་འཇལ་གྱི་ངོ་བོར་མི་འགྲོ་བ་བྱ་དགོས་པ་དེ། ང་ཚོའི་ལས་འགན་གལ་ཆེ་ཤོས་ནང་གི་ཆེ་ཤོས་ཞིག་ཀྱང་ཆགས་ཀྱི་འདུག དེ་ཡིན་དུས་དེ་རིང་ཚོགས་གཙོས་གནད་དོན་དེར་གལ་ཆེན་པོའི་སྒོ་ནས་ཞུ་རྒྱུ་ཡིན།

དེ་ནས་ད་ལྟ་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ ༤ པའི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཏོག་ཙམ་ཞིག་ཞུ་རྒྱུ་ཡིན། ད་ལྟ་ང་ཚོའི་ལས་རིམ་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ལྔ་ཡོད། གཙོ་བོ་གཅིག་དེ་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་༸སྐྱབས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་། དེ་བཞིན་ཉེ་ཆར་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་ཁྲི་འཛིན་ ༣༣ པ་༸སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཁོང་རྣམ་གཉིས་ང་ཚོ་བོད་ཀྱི་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཀྱི་བླ་ཆེན་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ཁོང་རྣམ་གཉིས་ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་ཐོག་ནས་ཞུས་པ་ཡིན་ན། གདུལ་བྱ་རྟག་འཛིན་ཅན་གྱི་ངོ་བོར་དགོངས་པ་གཞན་དོན་དུ་གཤེགས་པ་དེ་ལྟ་བུའི་འགྲེལ་བཤད་རྒྱག་ཆོག་གི་ཡོད་པ་རེད། ཡིན་ནའང་ཕྱོགས་གཅིག་ནས་གཟུགས་སྐུའི་བཀོད་པ་བསྡུས་ཚར་བ་ཡིན་དུས། ༸སྐྱབས་རྗེ་རྣམ་པ་གཉིས་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་རྒྱུའི་ཆེད་དང་། དེ་བཞིན་རྗེས་འཇུག་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཁུར་ཡོད།

དེ་བཞིན་བོད་ནང་ལ་རང་ལུས་མེར་བསྲེགས་གནང་མཁན་ཁ་སང་གྲོས་ཚོགས་ཚོགས་དུས་གསུམ་པ་ཚར་བའི་རྗེས་ལ་ ༤ བྱུང་འདུག དེའི་ནང་ནས་གཅིག་ཚེ་སྲོག་ཤོར་བ་དང་། དེ་བཞིན་བཙན་བྱོལ་ནང་ནས་ཀྱང་རང་ལུས་མེར་བསྲེགས་གནང་མཁན་གཉིས་བྱུང་ཡོད་པ་རེད། དེ་ཚོའི་ཐོག་ལའང་ང་ཚོས་ཁོང་རྣམ་པའི་དམིགས་ཡུལ་གཞིར་བཟུང་འགྲུབ་ཐུབ་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་། དེ་ནས་རྗེས་འཇུག་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་གྲོས་ཆོད་གྲོས་འཆར་གཅིག་དང་། དེ་བཞིན་སྤྱི་ཟུར་ཚེ་རིང་སྒྲོལ་མ་ལགས་ཉེ་ཆར་སྐུ་གྲོངས་པ་རེད། ཁོང་འཚོ་ཞིང་བཞུགས་པའི་སྐབས་སུ་བོད་སྤྱི་པའི་དོན་དུ་འགན་ཁུར་མང་པོ་ཞིག་བཞེས་ཡོད་པ་རེད། འདི་ཚོའི་ཐོག་ལ་ང་ཚོས་མཛད་རྗེས་དེ་དག་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། འབྲེལ་ཡོད་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་ཡོད།

དེ་ནས་དེ་རིང་གི་ལས་ཉིན་དང་པོ་རང་ལ། ང་ཚོའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་གྲོས་ཚོགས་ཀྱི་ལས་རིམ་གལ་ཆེ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་ནང་ལ་ང་ཚོས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་གནད་དོན་མང་པོ་ཞིག་སྔོན་གླེང་ནང་དུའང་གླེང་ཡོད་པ་རེད་ལ་གྲོས་ཆོད་ཀྱང་རིམ་པ་བཞག་ཡོད་པ་རེད། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་འགན་ཁུར་ཆེ་བཞེས་ཀྱི་ཐོག་ནས་ཆ་ཤས་བཞེས་མཁན་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་ནས་ཆ་ཤས་བཞེས་པའི་སྐབས་སུ་ཡིན་ནའང་དེ་སྔོན་གྱི་གདུང་སེམས་མཉམ་སྐྱེད་སྐབས་བགྲོ་གླེང་མང་བ་ཞིག་གྲོས་ཆོད་ཀྱི་ངོ་གདོང་དང་མ་མཐུན་པའི་སྒེར་སོ་སོའི་ཚོར་བ་གསུང་སའི་སྡིངས་ཆ་ལྟ་བུ་ཞིག་ཆགས་རྒྱུའི་གནས་སྟངས་ཡོང་བསྡད་ཀྱི་འདུག དེ་ཡིན་དུས་དེ་འདྲ་མ་ཡོང་བའི་ཐོག་ནས་དངོས་ཡོད་གནས་སྟངས་དང་མཐུན་པའི་སྒོ་ནས། གྲོས་ཆོད་ཀྱི་ངོ་གདོང་དང་མཐུན་པའི་ངོས་ནས་དགོངས་པ་ཆེ་བཞེས་ཀྱི་ཆ་ཤས་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན།

དེ་ནས་ལས་རིམ་གཞན་ཞིག་ནི། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་སྙན་ཐོ་དེ་འདིར་ཕེབས་ཡོད་པ་རེད། དེའི་ཐོག་ནས་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་མ་ལག་དང་བཅས་པའི་རྩིས་དང་འབྲེལ་བའི་ཐོག་ནས་ད་ལྟ་གང་ལ་གང་འཚམ་གྱིས་རྩིས་གཙང་བྱུང་ཐུབ་པ་དང་ཡག་པོ་བྱུང་ཡོད་པ་རེད། ཡིན་ནའང་མུ་མཐུད་ནས་མཇུག་སྐྱོང་འགྲོ་དགོས་དུས། དེ་ཚོའི་ཐོག་ལའང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་ཚང་མས་ཧུར་ཐག་གནང་སོང་། སྙན་ཐོ་དེ་ད་རེས་གྲོས་ཚོགས་ནང་བསླེབས་ཀྱི་ཡོད་པ་རེད། དེའི་ཐོག་ལ་ང་ཚོས་བགྲོ་གླེང་ཞུ་རྒྱུ་དང་། གཞན་ཡང་མཇུག་སྐྱོང་བྱ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་ཀྱང་ཡོང་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།

དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཡོད། དེ་ནས་ད་རེས་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་དེ་བཀའ་བློན་རྣམ་པའི་ལས་བསྡོམས་ཀྱི་ཐོག་ལ་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ལས་བསྡོམས་རྒྱས་པ་དེ་ལྷན་ཁང་ཁག་ནས་ཚུར་གནང་། དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་གསུམ་གྱིས་ཆ་བགོས་བྱས་ནས་དེ་ཚོར་ཞིབ་འཇུག་དང་། དེ་ནས་ཞིབ་འཇུག་བྱས་ཟིན་པའི་སྙན་ཐོ་དེ་སྤྱི་འཐུས་རྒྱུན་ལས་ནང་དུ་བསྣམས་ནས་གཏན་འབེབས་བྱས་ནས། དེ་རིང་འདིར་གྲོས་ཚོགས་ནང་ལ་འབྲེལ་ཡོད་ལས་ཁུངས་སོ་སོར་ཕེབས་ཀྱི་ཡོད་པ་རེད། དེ་གཞིར་བཟུང་གི་ཐོག་ནས་འབྲེལ་ཡོད་བཀའ་བློན་སོ་སོའི་ངོས་ནས་ཀྱང་ལས་བསྡོམས་བསྡུས་པ་རེ་རེ་ཐད་ཀར་གྲོས་ཚོགས་རང་ལ་སྙན་སྒྲོན་ཞུ་ཡི་ཡོད་པ་རེད། དེ་ནས་དེ་ཚོའི་ཐོག་ལ་ང་ཚོས་བགྲོ་གླེང་བྱ་རྒྱུ་དང་། དྲི་བ་དྲིས་ལན་གནང་རྒྱུ་རེད། དེ་ནས་ང་ཚོའི་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་ཞིག་དེ་ཚོའི་ཐོག་ལ་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད། དེ་གཅིག་ཞུ་འདོད་བྱུང་།

དེ་ནས་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་ལེན་པའི་སྐབས་སུ། རྩ་བའི་ངས་སྔོན་ལ་ཞུས་ཟིན་པ་ཡིན། གྲོས་ཚོགས་ནང་བསམ་ཚུལ་མ་མཐུན་པའི་རིགས་ཡོང་གི་ཡོད་པ་རེད། དེ་གནད་འགག་ཆེན་པོ་ཅི་ཡང་མ་རེད། དེ་འདྲ་ཡོང་ཆོག་གི་ཡོད་པ་རེད། ཡིན་ནའང་ཡོང་བའི་སྐབས་སུ་ཕན་ཚུན་གྱི་འདོད་ཆགས་དང་ཞེ་སྡང་ཟེར་ནའང་འདྲ། ང་རང་ཚོ་སོ་སོའི་ཚོར་བའི་དབང་དུ་སོང་ནས་གཞན་ལ་རྣམ་འགྱུར་དྲག་པོ་སྟོན་པ་དང་། དེ་ཇི་བཞིན་གྱིས་ཚིག་རྩུབ་པོ་དང་ཐ་ཤལ་གྱི་རིགས་བེད་སྤྱོད་གནང་བ་དེ་འདྲ་མ་ཡོང་བ་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཆ་ཤས་ལེན་པའི་སྐབས་སུ་སོ་སོའི་ངོས་ནས་ཆ་ཤས་བཞེས་པའི་དུས་ཚོད་དེ་རང་ལ་ཁུངས་ལུང་རྒྱུ་མཚན་ཚད་དང་ལྡན་པ་ཞིག་གི་ཐོག་ནས་ཆ་ཤས་བཞེས་ཐུབ་པ་ཡིན་ན། གྲོས་ཚོགས་ཀྱི་ཆེ་མཐོང་དང་གྲོས་ཚོགས་ཀྱི་བརྙན་འཕྲིན་གཟིགས་མཁན་རྣམ་པ་ཡིན་ནའང་། ད་རེས་གྲོས་ཚོགས་འདི་གནད་དོན་གྱི་ཐོག་ལ་གླེང་མོལ་ཡག་པོ་འགྲོ་ཡི་འདུག་སྙམ་པའི་ཚོར་སྣང་ཞིག་སྤྲོད་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ད་ལྟ་ང་ཚོའི་གྲོས་ཚོགས་འདིར་བཙན་བྱོལ་ནང་ནས་ཨ་ཅང་ཅང་། བོད་ནང་ནས་ཀྱང་དོ་སྣང་གནང་སྡོད་མཁན་ཤུགས་ཆེན་པོ་ཡོད་པ་འདྲ། དེ་འདྲ་ཡིན་དུས་ང་རང་ཚོ་བོད་མི་ས་ཡ་དྲུག་མཚོན་པའི་ངོ་ཚབ་ཆེན་པོ་ཞིག་ཆགས་བསྡད་ཡོད་དུས། འདིའི་ཐོག་ལ་ཚང་མས་ཐུགས་གཟབ་གནང་བའི་ཐོག་ནས་ཚིག་བརྗོད་བེད་སྤྱོད་གཏོང་རྒྱུ་དང་། གྲོས་ཚོགས་ཀྱི་ལས་རིམ་ཐོག་ལ་ཆ་ཤས་བཞེས་སྟངས་སོགས་གང་ཅིའི་ཐད་ནས་ཚུལ་དང་ལྡན་པ་ཞིག་ཡོང་ཐུབ་རྒྱུར་ཚང་མས་འགན་ཁུར་ཆེ་བཞེས་གནང་རོགས་གནང་ཞེས་ཞུ་འདོད་བྱུང་།

དེ་ནས་ཚོགས་གཙོའི་མཇུག་བསྡོམས་ཀྱི་སྐད་ཆ་བཤད་རྒྱུ་དེ། འདིར་མཚམས་འཇོག་རྒྱུ་ཡིན། ཚང་མར་བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུ་དང་། སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པ་འདི་དོན་ཕན་ལྡན་པ་ཞིག་ཡོང་རྒྱུར་ཚང་མས་མཐུན་འགྱུར་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང།